བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

རྟེན་འབྲེལ་ཁྱད་པར་བ།

 

   བསྟན་འགྲོ་སྤྱི་དང་བྱེ་བྲག་ལཿ ཕན་པའི་ཟབ་གནད་དུས་ཀྱི་བསྐུལཿ གོས་ནག་གོང་པ་དཀར་པོ་ལཿ སྙིང་རྗེ་ཅན་གྱིས་མེ་བཙའ་གདབཿ 
   ཞེས་འབྱུང་བ་ལྟར་འཕགས་མཆོག་ཕྱག་ན་པདྨོ་འཇིག་རྟེན་མི་ཡི་རྫུ་ལ་ཞུགས་པ་༧གངས་རིའི་བླ་མ་འཇིག་རྟེན་དབང་ཕྱུག་མཆོག་གིས་བརྩེ་བས་རྗེས་སུ་བཟུང་། ཐུགས་རྗེས་བྱིན་གྱིས་རླབས་དབང་བསྐུར་གཏད་རྒྱ་དང་བཅས། སྤྱིར་འཛམ་བུའི་གླིང་སོགས་ཀྱི་བསྟན་འགྲོ་སྤྱི་དང་བྱེ་བྲག་གདོང་དམར་བོད་ཀྱི་བསྟན་དང་འགྲོ་ལ་ཕན་པའི་ཕྱིར་དང་། ངོས་སོགས་གསར་རྙིང་རིས་མེད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་མཛད་འཕྲིན་མཐའ་རུ་རྒྱས་ཆེད་དུ་འཛམ་གླིང་ཞི་བདེའི་གསེར་སྡོང་ཆེན་མོ་མཐོང་བ་རང་གྲོལ་སྲིད་གསུམ་ཐ་གྲུ་ཡངས་པའི་རྒྱན་གཅིག་ཞེས་པ་ཞིག་བོད་ཀྱི་ས་གནས་གང་རུང་ཞིག་ཏུ་བཞེངས་དགོས་པའི་བཀའ་ལུང་ཟབ་མོ་བསྩལ་བ་སྤྱི་བོར་བླངས་པ་དང་། དེ་བཞིན་དུ་དགོངས་འདུས་མ་འོངས་ལུང་བསྟན་དཀར་ཆག་ལས། བོད་ཡུལ་ཁ་བ་ཅན་གྱི་ས་ཕྱོགས་སུ༔ ས་ཡི་ཚུགས་དང་གལ་མདོ་ས་མིག་དང༔ རི་དང་ཀླུང་དང་ཐང་ཆེན་ལུང་པའི་ཚིགས༔ གང་འོས་གང་འཐད་ལེགས་པར་དཔྱད་ནས་ཀྱང༔ གཙུག་ལག་ཁང་དང་མཆོད་རྟེན་རྡོ་རིང་དང༔ ཁང་བུ་བརྩེགས་རྣམས་གང་འགྲུབ་བརྩིགས་པའི་ནང༔ བསྟན་པའི་གཙོ་བོ་ཤཱཀྱ་ཐུབ་པ་དང༔ སྨན་བླ་དང་ནི་ཁྲོ་བོ་བཅུ་ཡི་སྐུ༔ རིས་སུ་བྲིས་དང་འབུར་དུ་དོད་པ་དང༔ ལུགས་སུ་བླུག་པ་ལ་སོགས་གང་འགྲུབ་བཞེངས༔ རབ་ཏུ་གནས་བྱས་སོ་སོའི་གཟུངས་སྔགས་སྒྲོགས༔ བདུད་དང་འདྲེ་ངན་སྡེ་བརྒྱད་མནན་པར་བྱ༔ ཞེས་དང་། རིག་འཛིན་བདུད་འདུལ་རྡོ་རྗེའི་ཡང་གསང་མཁའ་འགྲོའི་སྙིང་ཐིག་ས་བཅོས་བསྟན་པ་རྒྱས་བྱེད་ལས། གཞན་ཡང་བོད་ཁམས་ཡུལ་ཀུན་ཐམས་ཅད་ཀྱི༔ ས་གནད་རི་སྣ་གདོང་རྒྱུད་ཐམས་ཅད་དུ༔ སྐུ་གསུང་ཐུགས་ཀྱི་ལྷ་ཁང་ཡོངས་རྗོགས་དང༔ རབ་གནས་སྒྲུབ་བཟློག་མནན་བསྲེག་འཕང་གསུམ་རྣམས༔ ནན་བསྐྱར་བོད་ཁམས་ཕུང་བའི་དགྲ་བོ་ཆེ༔ སྒོ་བཞིའི་མཐའ་དམག་གཏན་བརླགས་ཐེ་ཚོམ་མེད༔ བོད་ཁམས་ཀུན་ཏུ་བདེ་བའི་ཉི་མ་ཤར༔ ཞེས་དང་། ཁམས་རི་གཡས་ཟུར་སྦྲུལ་ནག་ཐུར་རྒྱུག་སྣར༔ བྱང་ཆུབ་མཆོད་རྟེན་རིགས་གསུམ་མགོན་པོ་བཞེངས༔ ཞེས་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་སྤྱན་ཡངས་མངའ་བ་མཁས་དང་གྲུབ་བརྙེས་རིག་པ་འཛིན་པའི་སྐྱེས་ཆེན་དུ་མའི་འབྱུང་འགྱུར་ལུང་བསྟན་འཁྲུལ་མེད་རྣམས་རྒྱུ་མཚན་དུ་བྱས་ནས།