ཞལ་འདེབས་པ།
མཁན་བསྟན་འཛིན་འོད་ཟེར་གྱི་ངོས་སྤྲོད་མདོར་བསྡུས།
མཁན་སྤྲུལ་བསྟན་འཛིན་འོད་ཟེར་ཁོང་དགུང་ལོ་བཅོ་ལྔ་ནས་བཟུང་གྲྭ་ས་ཆོས་སྡེ་ལ་ཞུགས་ནས་མཚན་ཉིད་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན། མཁན་སྤྲུལ་འཇམ་དབྱངས་ལེགས་བཤད་ཆོས་ཀྱི་ཉི་མ། མཁན་ཆེན་མུན་སེལ་རྡོ་རྗེ་འཆང་། མཁན་ཆེན་ཏིང་འཛིན་བཟང་པོ། མཁན་ཆེན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན། མཁན་བཀྲ་ཤིས་རབ་བརྟན། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཐུབ་པ། སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་རིན་པོ་ཆེ། སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ། ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་འཇིགས་བྲལ་བློ་གྲོས་བསྟན་པའི་རྒྱལ་མཚན། སྐྱབས་རྗེ་མཚོ་ཕུ་རྡོར་ལོ་པདྨ་འགྱུར་མེད་རྒྱ་མཚོ། གཏེར་ཆེན་བདེ་བའི་རྡོ་རྗེ། མཆོག་སྤྲུལ་ཀུན་བཟང་ཐེག་མཆོག་བསྟན་པའི་ཉི་མ། མཆོག་སྤྲུལ་དགེ་ལེགས་ཆོས་ཀྱི་ཉི་མ། དབོན་སྤྲུལ་བསྟན་པའི་དབང་ཕྱུག ནུབ་རིའི་བླ་མ་འཇིགས་མེད། འབར་ཆུང་བླ་མ་པདྨ་དབང་རྒྱལ། སུ་རུགས་བླ་མ་བསོད་ནམ་ཆོས་འཕེལ། མུ་ར་བླ་མ་བྱང་ཆུབ་རྡོ་རྗེ་སོགས་འཕགས་བོད་ཀྱི་མཁས་གྲུབ་བཤེས་གཉེན་སུམ་བཅུ་ལྷག་གི་ཞབས་རྡུལ་སྤྱི་བོས་བླངས་ནས། དབང་ལུང་མན་ངག་མདོ་སྔགས་རིག་གནས་བཅས་ལ་གསན་བསམ་སྒོམ་པ་མཐར་ཕྱིན་མཛད་པ་དང་། གྲྭ་དགོན་དུ་མཁན་རབས་བཅུ་གསུམ་པའི་འགན་བཞེས་ནས་གཞུང་ཆེན་བཅུ་གསུམ་གཙོས་གཞུང་ལུགས་དུ་མ་ལ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྒྱ་ཆེར་སྤེལ་བ་དང་། དུས་དེར་བཤད་གྲྭའི་འདུ་ཁང་འོག་མ་ཞིག་གསོ་དང་ཡང་ཐོག་དང་ཇོ་འབེབས་ཇ་ཁང་། གྲྭ་ཁང་བརྒྱ་དང་ཉི་ཤུ་རྣམས་གསར་བཞེངས་མཛད་པ་དང་། སྤྱི་ལོ་༡༩༩༤ལོར་རྒྱ་བལ་འབྲས་འབྲུག་སོགས་གནས་ཆེན་རྣམས་སུ་བྱོན་ནས་མཚམས་དང་བསྙེན་སྒྲུབ་མཛད་ཅིང་། དེ་ནས་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་བཀའ་བཞིན་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་པད་མ་བཞད་པ་རྩལ་དང་། སྐྱབས་རྗེ་སི་ཏུ་རིན་པོ་ཆེ་ངེས་དོན་ཆོས་ཀྱི་སྒྲོན་མེ་སོགས་སྐྱེས་ཆེན་དམ་པ་སློབ་ཚོགས་དུ་མ་ལ་སྔོན་འགྲོ་བློ་སྦྱོང་གི་རིམ་པ་ནས་བཟུང་མདོ་སྔགས་གཞུང་ལུགས་མང་པོའི་དབང་ལུང་ཁྲིད་གསུམ་འཆད་སྤེལ་མཛད་ཅིང་ཕན་ཚུན་བླ་སློབ་ཏུ་གྱུར་པ་སོགས་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་ཁོ་ནས་དུས་འདའ་བ་ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་། རྨད་དུ་བྱུང་བའི་ཐུགས་བསྐྱེད་སྔོན་དུ་བཏང་ནས། ཆོས་བརྒྱད་ཀྱི་དུག་དང་མ་འདྲེས་པར་ལྷག་བསམ་རྣམ་དག་གི་བསྟན་འགྲོ་སྤྱི་དང་ཁྱད་པར་སྙིགས་དུས་ཀྱི་ཉེར་འཚེ་ས་གཡོ་ཆུ་ལོག་སོགས་འབྱུང་བཞིའི་གནོད་པ་དང་ནད་མཚོན་མུ་གེ་དུས་འཁྲུགས་འཁོན་འཛིན་རྩོད་གླེང་སོགས་མི་འདོད་མི་མཐུན་པའི་རྐྱེན་ངན་མཐའ་དག་ཞི་ནས། འཛམ་གླིང་སྐྱེ་འགྲོ་མཐའ་དག་མཐུན་སྒྲིལ་དང་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པའི་ཆེད་དང་། མ་ཚད་སྔོན་ཆད་སྐྱབས་མགོན་དགེ་རྩེ་མ་ཧ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཁོང་གིས་དགོན་འདིར་སྲིད་ན་རྙེད་པར་དཀའ་བའི་མཐོང་གྲོལ་བདུད་འདུལ་མཆོད་རྟེན་དང་དུས་འཁོར་མཆོད་རྟེན་ཟུང་བསྟན་འགྲོའི་དཔལ་དུ་བསྐྲུན་ཡོད་ནའང་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཟད་པ་དང་ལྷ་མིན་གྱི་ཆོས་ལུགས་འཛིན་པ་བདུད་དང་ཀླ་ཀློའི་འཚུབ་མ་ངན་པ་ཕྱོགས་སུ་དར་པའི་སྟོབས་ཀྱིས་འཐོར་ཞིག་རྨང་མེད་དུ་གྱུར་པ་དེ་ཉིད་བསྐྱར་གསོ་ཡང་དག་ཞིག་འགྲུབ་སོང་ན་ཅི་མ་རུང་ཞེས་ཟླ་ཐང་མ་ཡུལ་སྡེ་སོ་སོའི་བླ་སྤྲུལ་སེར་སྐྱ་ཡོངས་ཀྱི་རེ་བསྐུལ་ལྟར་བྱེད་ནའང་། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། གྲངས་མེད་དུས་ན་འགྲོ་བའི་དེད་དཔོན་དུ༔ རྣམ་དཀར་སྨོན་ལམ་སྟོབས་ཆེན་ལེགས་གྲུབ་པའི༔ རིག་འཛིན་བྱང་སེམས་ཆེན་པོ་མ་གཏོགས་པ༔ ས་གནད་གསོ་ཞིང་སངས་རྒྱས་བསྟན་པ་ཡི༔ ཁུར་ཆེན་ཁུར་ནས་གཞན་ཕན་སྒྲུབ་མི་ཀུན༔ ལ་ལ་བླ་དང་གྲོགས་ཀྱིས་བརྫུས་ནས་བཤོལ༔ ལ་ལ་གཉེན་དང་ཉེ་དུར་བརྫུས་ནས་བཤོལ༔ ལ་ལ་ལོངས་སྤྱོད་གཡེང་བས་ཁྱེར་ནས་བཤོལ༔ ལ་ལ་ལོག་ལྟ་སྒྲོ་སྐུར་བཏབ་ནས་བཤོལ༔ ལ་ལས་འདི་རུ་མཐའ་དམག་མི་འོང་ཟེར་ནས་བཤོལ༔ ལ་ལས་འདི་འདྲའི་ཕན་པ་མི་ཐོག་ཟེར་ནས་བཤོལ༔ ལ་ལས་བསྟན་པའི་སྤྱི་རིམ་མི་གོ་བར༔ གྲུབ་མཐའ་ཕྱོགས་འཛིན་ཀུན་བསླང་ལོག་པར་ལྟ་བས་བཤོལ༔ ཞེས་གསུངས་པ་ནང་ལྟར་ཁོང་གིས་ནམ་རྒྱུན་ད་ལྟའི་དུས་ཚོད་འདི་ལ་ཕྱི་ནང་གི་བར་ཆད་བྱེད་པ་ཏག་ཏག་མ་གཏོགས་ཕན་པ་སྒྲུབ་པའི་གྲོགས་ཆེས་ཉུང་བས་འགྲོ་དོན་བྱེད་ཟེར་བ་ཁ་ཙམ་མ་གཏོགས་དོན་ངོ་མ་འགྲུབ་དཀའ་མོ་རེད་གསུངས་ནའང་དཀའ་སྤྱད་དང་བླངས་ངལ་བ་ཁྱད་བསད་ཀྱི་སྒོ་ནས་དད་སྦྱིན་པ་རང་ཡུལ་དགེ་རྩེའི་གོང་འགབ་གསུམ་སོགས་ཚོ་ཆེན་བཅུ་གསུམ། ཉག་རོང་ཨ་བསེ་བ་རི་ཡུལ་གཉིས། ར་སྐོར་གོང་འགབ་གསུམ། འབར་ཁྱུང་། རྐང་རྩ། གཞན་ཡང་རྒྱ་གར། བལ་པོ། ཨ་རི། རྒྱ་ནག ཐའེ་ཝན། ཤང་ཀང་སོགས་ཀྱི་དད་ལྡན་སློབ་ཚོགས་རྣམས་ཀྱིས་གང་འབྱོར་བསོད་ནམས་ཀྱི་ཞིང་དུ་དམིགས་ནས་དངོས་རྫས་ཆེ་ཆུང་སྣ་ཚོགས་གང་ཕུལ་ཐམས་ཅད་སྣང་མེད་ཆུད་ཟོས་སུ་མ་བཏང་བར་གྲྭ་ལག་མཁན་ཆེན་བསྟན་འཛིན་འོད་ཟེར་གྱིས་ཞི་བདེའི་གསེར་སྡོང་འདི་ཉིད་ལེགས་པར་བཞེངས་པ་ཡིན་ནོ། །གང་གི་ཐུགས་བསྐྱེད་སྐྱ་རེངས་ཀྱིས་དྲངས་བའི། །ཞི་བདེའི་གསེར་སྡོང་ཉིན་བྱེད་མངོན་དུ་ཤར། །ཀླ་ཀློའི་མུན་དཔུང་བཅོམ་དང་ཆབ་ཅིག་ཏུ། །སྡེ་བཞིའི་རྗོགས་ལྡན་གསལ་བ་ཨེ་མ་ཧོ། །
འདི་ན་འདྲ་མིན་མི་རིགས་སྣ་ཚོགས་ཀྱིས། །དད་པའི་ཐལ་མོ་ཟུམ་དང་ལྷན་ཅིག་ཏུ། །
གཟུངས་དང་སྨོན་ལམ་དབྱངས་སུ་གྱེར་བ་ཡིས། །རྣམ་དཀར་ཚོགས་གཉིས་གསོག་པའི་ལས་ལ་བརྩོན། །
ཞེས་ངོ་མཚར་བའི་ཚིགས་སུ་བཅད་པའོ། །