བཞེངས་ཡུལ།
ཞི་བདེའི་གསེར་སྡོང་འདི་ཉིད་བཞེངས་སའི་གནས་ནི། དཔལ་ཨོ་རྒྱན་སངས་རྒྱས་གཉིས་པ་དང་དབྱེར་མ་མཆིས་པ་གནུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་ཤར་རྒྱལ་བ་ཀཿཐོག་དགོན་གྱི་གསེར་ཁྲི་ལྔ་པ་གྲྭ་དགོན་བསྟན་པའི་བདག་པོ་ཕྱག་ཚ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན། སྐྱབས་མགོན་དགེ་རྩེ་སྤྲུལ་སྐུ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་སྐུ་ཕྲེང་རིམ་བྱོན་སོགས་གྲྭ་དགོན་བླ་ཁག་ཆེན་པོ་བརྒྱད་ཀྱི་སྐུ་ཕྲེང་རིམ་བྱོན་རྣམས་དང་། པཎ་ཆེན་བཱི་མ་མི་ཏྲྭའི་ཡེ་ཤེས་སྒྱུ་མའི་རོལ་གར་པདྨ་ལས་འབྲེལ་རྩལ་ལམ་མཁན་ཆེན་ངག་གི་དབང་པོ་སྐུ་ཕྲེང་རིམ་བྱོན། གྲུབ་བརྙེས་བེེ་རོ་ཙ་ནའི་རོལ་གར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་རྣམ་དབྱེར་མ་མཆིས་པའི་ཀུན་གཟིགས་རྡོ་རྗེ་འཆང་མཁན་ཆེན་མུན་སེལ་རིན་པོ་ཆེ་དང་། གྲྭ་ལག་མཁན་ཆེན་དྲི་མེད་འོད་ཟེར། མཁན་ཆེན་ཐུབ་བསྟན་ནོར་བུ་སོགས་མཁན་རབས་རིམ་བྱོན་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་དབུས་བཟའ་མཁའ་འགྲོ་བདེ་བའི་རྡོ་རྗེ་སོགས་མཁས་དང་གྲུབ་པའི་སྐྱེས་ཆེན་དུ་མས་དབང་ལུང་གདམས་ཁྲིད་མདོ་སྔགས་རིག་གནས་དང་བཅས་པའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་གདུལ་བྱ་སྨིན་པར་མཛད་པ་སོགས་མདོར་ན་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གདན་ས་ཆེན་མོ། ས་གཞི་ཤིན་ཏུ་ལེགས་ཤིང་བཀྲ་ཤིས་པའི་གནས་དེ། ཐུགས་རྒྱུད་ཁྲག་འཐུང་གལ་པོའི་རྫས་དང་ས་གཞི་བརྟགས་པའི་ལེའུ་ལྔ་པ་ལས། གནས་མཆོག་ཕུན་སུམ་ཚོགས་པ་བཙལ། །ཏིང་འཛིན་ཡེ་ཤེས་མཆོག་གི་ས། །བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །དེ་ནི་གནས་ཀྱི་མཆོག་ཡིན་ཏེ། །ཡོན་ཏན་མ་ལུས་ཀུན་ལྡན་པ། །ཞེས་དང་། གསང་བ་སྤྱི་རྒྱུད་ལས། མཐོ་དམན་སྙོམས་ཤིང་གཙང་ལ་སྣུམ། །ཟུག་ངུའི་ཉེས་པ་རྣམ་པར་སྤང་། །ཤར་དང་བྱང་དུ་གཞོལ་བ་ཡི། །ས་གཞི་ལས་རྣམས་ཀུན་ལ་ཤིས། །ཞེས་གསུངས་པ་བཞིན་ཡོངས་སུ་ཚང་བའི་གནས་མཆོག་ཕྱི་ཐུན་མོང་གི་ས་དཔྱད་ལྟར་ན་གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི་ནང་ཚན་མདོ་སྨད་ཟླ་ཡུལ་ཕྱུག་མོའི་སྐྱེད་ཚལ་ཟླ་ཀླུང་རིང་མོ་དལ་གྱིས་འབབ་པའི་གཡས་ཟུར། གྲྭ་ཆུ་སྔོན་མོའི་གཡོན་ཟུར། ས་གཞི་ལེགས་ཤིང་བཀྲ་ཤིས་པ། རྒྱབ་རི་རྩེ་མོ་མཐོ་ལ་རི་རྒྱུད་རིང་བའི་དབུ་རྩེ་ན་ཡུལ་ལྷ་གཉན་ཆེན་ཐང་ལྷའི་བླ་རྡོ་དང་བསང་ཁྲི་རྟེན་མཁར་བཅས་ལ་ཀླུང་རྟའི་བ་དན་བསྒྲེང་སྟེ་དཀར་ཕྱོགས་ལྷ་ཡི་བྱིན་གཡང་འཁོར་ས། རི་ངོས་ལ་བཀྲ་ཤིས་ཆོས་དུང་སོགས་མ་བྲིས་རང་བྱུང་གི་རི་མོ་བཀྲ་བ། རི་དེའི་གཡས་ཕྱོགས་སུ་བཀྲ་ཤིས་ཁ་གཡང་ལུང་པ་དང་གཡོན་ཕྱོགས་སུ་བཀྲ་ཤིས་གཡང་གི་ལུང་པ་གཉིས་ནས་བབས་པའི་ཆུ་དེ་སྔོན་གྱི་སྐྱེས་ཆེན་མང་པོའི་ཞལ་གསུངས་རྣ་ཐོས་ལྟར་ན་ཡན་ལག་བརྒྱད་ལྡན་གྱི་ཆུ་ཡིན་ཞེས་གསུངས་པའི་དྭངས་གཙང་གི་ལྷ་ཆབ་སྔོན་མོ་ལྷུང་ལྷུང་དལ་གྱིས་བབ་སྟེ་མདུན་གྱི་གྲྭ་ཆུར་རྒྱུད་གསུམ་ཆུ་བོ་གཅིག་འདྲེས་ཀྱི་རྟེན་འབྲེལ་མཚོན་བྱེད་དུ་འདྲེས་པ། མདུན་རི་རིན་ཆེན་སྤུང་འདྲའི་ངོས་ལ་དབྱར་གསུམ་དཀར་དམར་མེ་ཏོག་གི་འདབ་མ་སྣ་ཚོགས་བཞད་པ་ཚོན་སྣ་སྟོང་གིས་བྱུག་པ་ལྟ་བུའི་རང་བྱུང་གི་མཛེས་སྡུག་བཀྲ་ཞིང་སྐྱེ་བོའི་མིག་དབང་འཕྲོགས་ས། བུང་བ་གཞོན་ནུའི་འཕུར་ལྡིང་གཡོ་ཞིང་། ཁུ་བྱུག་འཇོལ་མོ་སོགས་བྱ་དང་བྱེའུ་དུ་མས་སྐད་སྙན་སྒྲོགས་སའི་མདུན་ཕྱོགས་ཀྱི་སྤང་ལྗོངས་ཡངས་པའི་ས་གཞིར། ཤར་གྱི་སྟག་སྐྱ་བོ། ལྷོའི་གཡུ་འབྲུག་སྔོན་མོ། ནུབ་ཀྱི་བྱ་དམར་པོ། བྱང་གི་རུས་སྦལ་སེར་པོ་བཅས་སའི་སྲུང་བཞི། ཀླུང་རྟའི་ལྷ་བཞི། གནམ་གྱི་དམུ་ཐག སའི་རྟེན་ཕུར། གདན་སུམ་བརྩེགས་སོགས་བཀྲ་ཤིས་པའི་ས་དཔྱད་རྣམས་ལེགས་པར་མ་ཚང་བ་མེད་པའི་ས་གཞི་ཕུན་སུམ་ཚོགས་པ། ཇི་སྐད་དུ། ཁང་ས་ཞིང་ས་ས་ཡི་དགེ། འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ། གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། ཁང་ཤིང་འབུད་ཤིང་ཤིང་གི་དགེ། ཁང་རྡོ་འཐག་རྡོ་རྡོ་ཡི་དགེ། ཞེས་གསུངས་པ་ནང་བཞིན་གྱི་ས་ལ་དགེ་བཅུ་ཚང་ཤིང་། ས་དཔྱད་ཤིན་ཏུ་ལེགས་པ། ནང་ཐུན་མིན་ལྟར་བཤད་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ཆེན་བཞི་ལས་ཡོན་ཏན་ཕྲིན་ལས་གཉིས་ཀྱི་གནས་མཆོག་དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དངོས་དང་ཁྱད་པར་མེད་པ་ནི་གྲྭ་ལག་བཤད་སྒྲུབ་མདོ་སྔགས་གླིང་ངམ་ཐུབ་བསྟན་བཤད་སྒྲུབ་དགའ་ཚལ་གླིང་འདི་ཉིད་ཡིན་ཏེ། ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་སེ་ར་མཁའ་འགྲོའི་གནས་ཡིག་ལུང་བསྟན་ལས། ཡོན་ཏན་རྟེན་མཆོག་དུས་འཁོར་དཔལ་མཆོད་རྟེན༔ ཕྲིན་ལས་འགྲོ་འདུལ་བཤད་སྒྲུབ་དགའ་བའི་ཚལ༔ ཞེས་པའི་ལུང་ལས་གསལ་བར་གསུངས་པ་དང་། སྔར་གནས་འདིར་ཀཿཐོག་དགེ་རྩེ་མ་ཧཱ་པཎྜི་ཏས་བཞེངས་པའི་དུས་འཁོར་མཆོད་རྟེན་དང་བྱང་ཆུབ་མཆོད་རྟེན་གཉིས་ཡོད་པའང་བརྡ་ལུང་འདི་ལས་གསལ་བར་གསུངས་སོ། །དེ་བཞིན་དུ་འདིའི་བྱང་ཕྱོགས་དང་ཤར་ཕྱོགས་སོགས་ན་སྐུ་གསུང་ཐུགས་གསུམ་གྱི་གནས་ཆེན་རྣམས་ཡོད་ཚུལ་ཡང་འདི་ལྟར་གསུངས་ཏེ། དེ་དང་མི་རིང་བར་གངས་ཅན་ཤར་ཕྱོགས་ཟལ་མོ་སྒང་གི་རི་རྒྱུད་གནས་ཆེན་ཉེར་ལྔའི་ནང་ཚན་ཟླ་ཡུལ་ཕྱོགས་ཀྱིས་བྲག་དཀར་རྡོ་རྗེ་ལྷུན་མཐོའི་གནས་རྒྱུད། སྐུ་ཡི་གནས་མཆོག་ཐོ་གསུམ་བྱང་ཆུབ་རྗོང༔ ཞེས་དཔལ་ཆེན་ཡང་ལེ་ཤོད་དང་དབྱེར་མ་མཆིས་པའི་གནས་ཆེན་ལྷ་མཆོག་རྡོ་རྗེ་གཞོན་ནུའི་རང་བྱོན་སོགས་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་ཚུལ་རྣམས་ཀྱང་བརྡ་ལུང་དེ་ཉིད་ལས། འཛམ་གླིང་བྱང་ཕྱོགས་ཁ་བ་ཅན་གྱི་རིར༔ གངས་ཅན་ཁྲོད་ཀྱི་ཤར་ཕྱོགས་ཟལ་མོ་སྒང༔ གནས་ཆེན་ཉེར་ལྔའི་ནང་ཚན་ཟླ་ཡུལ་གྱི༔ བྲག་དཀར་རྡོ་རྗེ་ལྷུན་མཐོའི་གནས་རྒྱུད་འདིར༔ སྐུ་ཡི་གནས་མཆོག་ཐོ་གསུམ་བྱང་ཆུབ་རྗོང༔ ཕྲིན་ལས་ཕུར་བའི་གནས་སུ་བྱིན་རླབས་པས༔ དཔལ་ཆེན་ཡང་ལེ་ཤོད་དང་དབྱེར་མ་མཆིས༔ ཞེས་པས་བྲག་དམར་ཐོ་གསུམ་བྱང་ཆུབ་རྗོང་སྐུ་ཡི་གནས་ཆེན་ཡིན་པར་བསྟན་པ་དང་། དེ་བཞིན་དུ་གསུང་གི་གནས་མཆོག་གཙང་ལུང་གསང་ཕུག་དབེན་ཁྲོད་ཡིན་པར་བསྟན་ཏེ། ཡང་དེ་ཉིད་ལས། གསུང་གི་གནས་མཆོག་གཙང་ལུང་གསང་ཕུག་རི༔ བསམ་ཡས་མཆིམས་ཕུ་དཔལ་གྱི་རི་དང་མཚུངས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་པ་ཡིས༔ སྐུ་ཡི་ཕྱག་མཚན་རང་བྱོན་དུ་མས་གང༔ ཕྱི་ལྟར་མཁའ་སྤྱོད་ཟངས་མདོག་དཔལ་གྱི་རི༔ ནང་ལྟར་ཐུགས་ཆེན་བདེ་གཤེགས་ཀུན་འདུས་གནས༔ གསང་བ་མཁའ་སྤྱོད་གཡུ་ལོ་བཀོད་པའི་གནས༔ ཡང་གསང་འོག་མིན་བདེ་ཆེན་དག་པའི་ཞིང༔ ཞེས་དང་། དེ་བཞིན་དུ་དབང་ཆེན་གསུང་གི་དབེན་གནས་གྲྭ་དགོན་གྱི་ཤར་ཕྱོགས་གསང་ཤུར་ཕུག་པ་ཡིན་པ་ཡང་། དེ་ཉིད་ལས། དེ་དང་ཟུང་འབྲེལ་པདྨ་དབང་གི་གནས༔ དབང་ཆེན་གསུང་གི་སྒྲུབ་གནས་པདྨའི་ཕུག༔ རྟ་མགྲིན་གསང་ཕུག་ཧྱ་གྷི་ཝ་ཧྲི༔ ཧྲི་མ་ཧ་རི་ནི་ས་འབྲུ་གསུམ་དང༔ གྲི་ཁུག་ཐོད་པ་བེ་ཅོན་རལ་གྲིའི་དབྱིབས༔ ཁ་ཏྲཾ་རྡོ་རྗེ་ཕུར་པ་ཕྱག་མཚན་དང༔ ལྷ་སྐུ་རང་བྱོན་ལུང་པ་ཉིན་སྲིབ་དང༔ ཕུ་མདའ་ཀུན་ལ་འཕགས་པའི་གནས་བརྟན་དང༔ རྒྱལ་ཆེན་སྡེ་བཞི་རི་དང་ཤིང་འབབ་ཆུ༔ རྒྱལ་དང་དེ་སྲས་རིག་འཛིན་བླ་མ་ཡིས༔ བྱིན་རླབས་ཐུགས་བསྐྱེད་རྟེན་འབྱུང་འགོག་མེད་ཀྱིས༔ བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་ལྟར་གཡོ༔ ཡི་དམ་མཁའ་འགྲོའི་དངོས་གྲུབ་ཆར་ལྟར་འབེབས༔ གནས་གསུམ་མཁའ་འགྲོའི་ཕྲིན་ལས་གློག་ལྟར་འཁྱུགས༔ བཀའ་སྡོད་གཏེར་སྲུང་ལས་བྱེད་བྲན་ལྟར་མྱུར༔ ཞེས་པ་དང་། དེ་བཞིན་དུ། ཐུགས་ཀྱི་གནས་མཆོག་འབྲི་ར་སེང་གེ་རྗོང་ཡིན་ཏེ། ཡང་དེ་ལས། ཐུགས་ཀྱི་སྒྲུབ་གནས་འབྲི་ཕུག་སེང་གེ་རྗོང༔ ཞེས་སོགས་གསུངས་པ་ནང་ལྟར་གྱི་ཟླ་ཡུལ་ཕྱོགས་ན་གནས་དེ་རྣམས་དང་ལྷ་སྐུ་ཡི་གེ་རང་བྱོན་རྣམས་དངོས་སུ་མཇལ་རྒྱུ་ཡོད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ཆེན་ཁྱད་འཕགས་ཡིན་པ་ནི་སྒྲོ་བཏགས་ཀྱིས་བསྒྱུར་བཟོ་བྱས་པ་ཙམ་མིན་པས་གནས་ཡིག་ཐམས་ཅད་ན་གསལ་བར་གསུངས་ཡོད་པས་འདི་རྣམས་སྲུང་སྐྱོབས་དང་ཞིག་གསོ་གནས་འདིར་སྐུ་གསུང་ཐུགས་རྟེན་རེ་བཞེངས་ན་སྤྱི་དང་བྱེ་བྲག་ཀུན་ལ་ཕན་ཐོགས་རྒྱ་ཆེན་ཡོད་ངེས་ཅན་དང་། མ་ཟད་གོང་དུ་སྨོས་པ་བཞིན་གྲུབ་བརྙེས་རིག་འཛིན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གདན་ས་ཆེན་པོ། དཔལ་སྔ་གྱུར་བསྟན་པའི་རྒྱན་གཅིག་ཤར་རྒྱལ་བ་ཀཿཐོག་དགོན་པའི་དགོན་ལག་ཆེ་བཞིའི་ཡ་གྱལ། ཟླ་གྲྭ་ལག་དགོན་བཤད་སྒྲུབ་མདོ་སྔགས་གླིང་ཞེས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་མི་ལོ་བདུན་བརྒྱ་ཙམ་ནས་ཡོད་པར་ཡོངས་སུ་གྲགས་པའི་གདན་ས་ཆེན་པོ་དེ་ནི་ཞི་བདེའི་གསེར་སྡོང་འདི་ཉིད་གང་དུ་ལེགས་པར་བཞེངས་སའི་གནས་ཀྱི་ཁྱད་པར་མདོ་ཙམ་སྨོས་པའོ། །
མཐོ་བརྗིད་རི་ལ་བཀྲ་ཤིས་དགེ་མཚན་གསལ། །
ཡངས་པའི་སྤང་ལྗོངས་མེ་ཏོག་ཚོམ་བུས་བརྒྱན། །
དྭངས་གསལ་ཆུ་བཞི་གཡུ་འབྲུག་མ་བུ་འདྲེས། །
ཟླ་རྒྱུད་གྲྭ་ལག་ཉམས་དགའི་ཞིང་ཁམས་དངོས། །
དཀར་ཕྱོགས་སྲུང་མས་ཕྱི་ནང་བར་ཆད་བསལ། །
མཆོག་གསུམ་ལྷ་དང་བླ་མས་བྱིན་གཡང་ཆགས། །
དམར་སེར་དགེ་འདུན་དབྱར་མཚོ་ལྟར་རྒྱས་པའི། །
གྲྭ་དགོན་མདོ་སྔགས་བཤད་སྒྲུབ་དར་གྱུར་ཅིག །
ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །