བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

མཆོད་རྟེན་བཞེངས་ཡུན།

   གསེར་སྡོང་ཆེན་མོ་འདི་ནམ་བཞེངས་པའི་དུས་ནི་སྤྱི་ལོ་༢༠༠༥བོད་རབ་བྱུང་༡༧པ་ཤིང་བྱ་ལོའི་ཟླ༣་པའི་ཚེས་༥གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཉིན་མོར་ཕྱི་མཐའ་འདུལ་གྱི་ཚུལ་དུ་སྐྱབས་རྗེ་མཚོ་ཕུ་རྡོར་ལོ་རིན་པོ་ཆེ་པདྨ་འགྱུར་མེད་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ། མཁན་སྤྲུལ་བླ་གྲྭ་སུམ་བརྒྱས་ཉིན་ལྔའི་རིང་ལ་བཀའ་མགོན་ཕུར་པ་སོགས་སྒྲུབ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་གསང་སྔགས་ཟབ་མོའི་ཆོ་ག་གཞུང་བཞིན་བསྲངས་པ་དང་ཁྱད་པར་དུ་ཁྲག་འཐུང་བདུད་འཇོམས་གླིང་པའི་གསང་ཆེན་སྙམ་བྱུང་མ་འོངས་ཞལ་གདམས་ལས། ཤར་རོང་ཆེན་གྱི་སྲོག་ཤིང་ཁྲོས་མ་ཡིན༔ བདུད་མུ་སྟེགས་ནག་པོའི་མགོ་བོ་འགེམ༔ སྦ་ནག་པོའི་སྲོག་ཤིང་གཤིན་རྗེ་ཡིན༔ བདུད་མི་སྲུན་ནག་པོའི་སྲོག་ལ་ཧུར༔ མགོ་ཆེན་པོའི་སྲོག་ཤིང་གྲོ་ལོད་ཡིན༔ དགྲ་འབྱུང་པོ་སྤུན་དགུའི་སྲོག་གཅོད་ཡིན༔ རྡོ་ཆེན་པོའི་སྲོག་ཤིང་ཕྱག་རྡོར་ཡིན༔ དགྲ་དམ་སྲི་འགོང་པོའི་སྲོག་འདྲེན་ཡིན༔ གསེར་ཡུལ་གྱི་སྲོག་ཤིང་ཕུར་པ་ཡིན༔ བདུད་འགོང་པོ་སྡེ་དགུའི་སྲོག་གཅོད་ཡིན༔ སྒ་ཡུལ་བའི་སྲོག་ཤིང་དབང་ཕྱུག་ཡིན༔ དགྲ་གཟའ་བྱེད་ནག་པོའི་མགོ་ཡང་ཆོམ༔ ཡུལ་རྒྱ་རོང་གི་སྲོག་ཤིང་བཀའ་བརྒྱད་ཡིན༔ དགྲ་དུག་མཚོ་རླང་པ་ཐག་གིས་གཅོད༔ ཧོར་ཆེན་པོའི་སྲོག་ཤིང་འཇིགས་བྱེད་ཡིན༔ དགྲ་བདུད་སྡེ་གྲུམ་ཆིང་བྱེད་པ་ཡིན༔ བོད་དབུས་གཙང་གི་སྲོག་ཤིང་རྣམ་རྒྱལ་ཡིན༔ བདུད་འཐབ་བྱེད་ནག་པོའི་མགོ་བོ་འགེམ༔ ཡུལ་སྤུ་རོང་གི་སྲོག་ཤིང་སེང་གདོང་ཡིན༔ རྒྱ་ནག་པོའི་སྲོག་ཤིང་གསང་འདུས་ཡིན༔ རང་སྲོག་ཤིང་རང་ཡུལ་དར་བ་ན༔ ཡུལ་དེ་རུ་བདེ་སྐྱིད་ཉི་མ་འཆར༔ འདི་ཚང་པར་སུ་ཡིས་འཛིན་པ་ཡི༔ གནས་དེ་རུ་བཀྲ་ཤིས་དགེ་ལེགས་འཕེལ༔ དེར་དགྲ་དང་བགེགས་ཀྱི་གནོད་མི་འབྱུང་༔ ཞེས་གསུངས་པའི་ལུང་བསྟན་ནང་བཞིན། བཀྲ་ཤིས་རྟེན་འབྲེལ་གྱི་ཤར་ཕྱོགས་སུ་ཁྲོས་མའི་དཀྱིལ་འཁོར་ཞལ་ཕྱེ་ནས་ཟབ་མོ་གཅོད་ཀྱི་སྒྲུབ་པ་དང་དམ་སྲི་མནན་པ་སོགས་དང་། དེ་བཞིན་དུ་གཤིན་རྗེ། གྲོ་ལོད། ཕྱག་རྡོར། རྟ་མགྲིན། ཕུར་པ། བཀའ་བརྒྱད། འཇིགས་བྱེད། རྣམ་རྒྱལ་སེང་གདོང་སོགས་སྒྲུབ་ཆེན་རྣམས་ཚང་བར་ཆོ་ག་ཕྱག་བཞེས་ནང་བཞིན་བཏོན་པ་དང་། གཞན་ཡང་། སྣང་གཞི་ཞི་བ་དཀར་ཆེན་གྱི་སྦྱིན་བསྲེགས་སྟོང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གསུམ། པདྨ་བཀའ་ཐང་ཚར་བརྒྱ། བསྐལ་བཟང་ཚར་བརྒྱ། བཀྲ་ཤིས་གསོ་སྦྱོང་སོ་ཐར་མདོ་ཚང་བར་བཀླག་པ་དང་བཅས་འགྲུབ་ན། མཆོད་རྟེན་ལེགས་འགྲུབ་འོང་བར་མ་ཟད། བོད་ཁམས་སྤྱི་ལ་ཕན་པ་ཡོད་ཞེས་སྐྱེས་ཆེན་དུ་མས་ལུང་བསྟན་པ་བཞིན་བསྲུང་རིམ། སྣ་སེལ། ས་འདུལ། ས་བསླངས། བུམ་གཏེར་གཅིག་སྟོང་སུམ་བརྒྱ་སྦ་བ་སོགས་མདོ་སྔགས་ཀྱི་གཞུང་ཚད་ལྡན་ནས་བཤད་པ་བཞིན་བསྒྲུབས་སོ། །དུས་དེར་བཀྲ་ཤིས་པའི་ལྟས་སུ་དགེ་འདུན་འདུ་གུར་ནང་དུ་ཁ་དོག་སྣ་ཚོགས་ཀྱིས་བརྒྱན་པའི་བྱ་ཁྱུང་སླེབ་པ་དང་། མཆོད་རྟེན་བཞེངས་སར་བྱིས་པ་གོས་དཀར་ཅན་གྱིས་གར་འཆམ་པ་དང་། སྤྲིན་དཀར་མཆོད་རྟེན་གྱི་དབྱིབས་འདྲ་བ་ས་ལ་བབས་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་དང་། གཞན་ཡང་སྐལ་བ་མེ་ཕག་གི་སྟོན་འཇུག་ཏུ་ཡང་འདུལ་གྱིས་སྒྲུབ་པ་སྔར་ལྟར་འཚོགས་པའི་སྐབས་སུ་ཁ་བ་མེ་ཏོག་གི་དབྱིབས་ཅན་བབས་པ་དང་ཁུ་བྱུག་གྲགས་པ་དང་། རྗེས་སར་མཆོད་རྟེན་གྱི་དབུ་རྩེར་འཇའ་འོད་འཕྲོ་བ་དང་། མཚན་མོ་ལས་བཟོ་བྱས་པའི་སྒྲ་སྐད་ཐོས་པ་དང་། འོད་སྣ་ཚོགས་འཕྲོ་བ་སོགས་སྐོར་མཁན་ཚོས་དངོས་སུ་མཐོང་བ་དང་ཁྱད་པར་དུ་མཆོད་རྟེན་གྱི་རྒྱབ་ཕྱོགས་སུ་བྲག་གི་ཐེམ་སྐས་ལ་གུ་རུ་བསམ་པ་ལྷུན་གྲུབ་མ་དང་འཁོར་རྗེ་འབངས་རྣམས་བཞེངས་པའི་སྐབས་སུ་གུ་རུའི་བཞུགས་གདན་གྱི་རྨང་རྐོ་ས་ནས་ཁ་དོག་མི་འདྲ་བའི་གཏེར་ཆུ་རྡོལ་བ་དང་གུ་རུ་འདི་བཞེངས་པའི་ས་གཞི་ལ་སྐྱབས་རྗེ་ཀཿཐོག་རྨོག་རྩ་རིན་པོ་ཆེ་འཇིགས་བྲལ་བློ་གྲོས་བསྟན་པའི་རྒྱལ་མཚན་མཆོག་གིས་ས་འདུལ་དང་ས་གཞི་བྱིན་རླབས་ཀྱིས་མེ་ཏོག་འཐོར་བའི་སྐབས་སུ་དགོང་ནས་གཡུ་འབྲུག་གྲགས་ཤིང་ཆར་ཟིལ་བབས་ཏེ་འཇའ་སྤྲིན་ཤར་བ་སོགས་ཀུན་གྱི་མཐོང་སྣང་གི་ཡུལ་དུ་གྱུར་པའི་བཀྲ་ཤིས་པའི་རྟགས་མཚན་དུ་མ་མཆིས་ཀྱང་ཡི་གེ་མང་བས་རྒྱས་པར་མ་བྲིས་སོ། །དེ་ལྟར་སྐྱབས་རྗེ་རྨོག་སྤྲུལ་རིན་པོ་ཆེ་དང་། གཏེར་ཆེན་བདེ་བའི་རྡོ་རྗེ་སོགས་སྐྱེས་ཆེན་དུ་མའི་ས་གཞི་བྱིན་གྱིས་རླབས་ནས་གུ་རུ་བསམ་པ་ལྷུན་གྲུབ་མ་དང་འཁོར་རྗེ་འབངས་ཉེར་ལྔ་བཅས་ལེགས་གྲུབ་བྱུང་ངོ་། །

 

   ཞི་བདེའི་གསེར་སྡོང་ཆེན་མོ་མཐོང་བ་རང་གྲོལ་སྲིད་གསུམ་ཐ་གྲུ་ཡངས་པའི་རྒྱན་གཅིག་འདི་ཉིད་ཚུལ་ཇི་ལྟར་ལེགས་པར་བཞེངས་པ་མདོ་ཙམ་སྨོས་ན། ཐོག་མར་གོང་དུ་སྨོས་པ་བཞིན་ས་དཔྱད་ལེགས་ཤིང་བཀྲ་ཤིས་པའི་གནས་སུ་ཆོ་ག་ཕྱག་བཞེས་ནང་ལྟར་གྱི་ས་བདག་ལྟོ་འཕྱེ་བརྟགས་པ་དང། ས་བཙལ། ས་སློང་། གཟུངས་སྔགས་ཏིང་ངེ་འཛིན་གྱིས་བགེགས་བསྐྲད་པ་དང་། བདུད་རྩི་འཁྱིལ་བས་བྱིན་གྱིས་བརླབས་པ་སོགས་སྟ་གོན་རྣམས་སྔོན་དུ་སོང་ནས། སྤྱི་ལོ་༢༠༠༦བོད་རབ་བྱུང་༡༧པའི་མེ་ཁྱི་ལོ། ས་ཕྱོགས་ཕྱག་དར། འབག་བཙོག་སྦྱང་བ། ཆག་ཆག་གདབ་པ། ས་གཞི་ཁོད་སྙོམས་སོགས་སྟ་གོན་རྣམས་ལེགས་པར་མཛད་དོ། །སྤྱི་ལོ་༢༠༠༧བོད་རབ་བྱུང་༡༧པ་མེ་ཕག་ལོའི་ཟླ་༥པ་ནས་ལས་མགོ་དངོས་སུ་བརྩམས་ནས་བཟོ་བོ་མཁས་པ་བརྒྱ་དང་ལྔ་བཅུ་ལས་གཡོག་དང་བཅས་ཀྱིས་ཁུངས་ལུང་དག་མོའི་ཡིག་ཆ་ནང་བཞིན་ཐིག་ཚད་དང་ལྡན་པའི་གསེར་སྡོང་འདིའི་ལས་དཀའ་སྒྲུབ་སྟེ་སྤྱི་ལོ་༢༠༡༢ལོ། བོད་རབ་བྱུང་༡༧པ། ཆུ་འབྲུག་ལོ་ལ། ཕྱི་ནང་བཀོད་པ་ཚང་མ་ཕལ་ཆེར་ལེགས་འགྲུབ་བྱུང་། སྤྱི་ལོ་༢༠༡༣བོད་རབ་བྱུང་༡༧པ་ཆུ་སྦྲུལ་ལོའི་འབྲུག་ཟླའི་ཚེས་ཉི་ཤུའི་ཉིན་དུས་བཟང་དགེ་བར་གསེར་སྡོང་ཆེན་མོ་འདིའི་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་པ་ཕལ་ཆེར་ལེགས་འགྲུབ་བྱུང་ནས་དགའ་སྟོན་རབ་གནས་ཀྱི་མེ་ཏོག་འཐོར་ཞིང་བྱིན་གྱིས་བརླབས་པ་དང་ཆབ་ཅིག་ཏུ། ཞི་བདེའི་སྨོན་ལམ་ཆེན་པོ་ཐེངས་དང་པོ་དབུ་འཛུགས་པའི་སྐལ་བ་ལྡན། དུས་དེར་འདུས་པ་གཙོ་བོ། མཁན་ཆེན་བཀྲ་ཤིས་རབ་བརྟན། བྱ་བཏང་བླ་མ་ཚེ་སྒྲུབ། སྤྲུལ་འཆི་མེད་རིག་འཛིན། མཁན་རོག་པེ། མཁན་སེང་ག མཁན་ཤེས་རབ་རྒྱལ་མཚན། མཁན་ལྕགས་བསྟན། མཁན་ཐུབ་བསྟན་ཚེ་རིང་། མཁན་བསྟན་པ་ཚེ་རིང་། མཁན་སྐལ་བཟང་ཆོས་དར། མཁན་སྐལ་བཟང་རྒྱ་མཚོ། མཁན་ཚེ་སྡིས། སྤྲུལ་བསོད་ནམས་རྒྱལ་མཚན། མཁན་དབང་ཆེན། མཁན་སྐལ་ལྡན། མགོན་བླ་གདུགས་དཀར། མགོན་བླ་དུང་པ། མགོན་བླ་བསོད་ནམས་རིག་འཛིན། མགོན་བླ་བསྟན་འཛིན་བཀྲ་ཤིས། མགོན་བླ་བ་པོ། མགོན་བླ་ར་མོ་སོགས་མཁན་སྤྲུལ་བླ་གྲྭ་ཉིས་བརྒྱ་ལྷག་གིས་བཀྲ་ཤིས་གསོ་སྦྱོང་སྨོན་ལམ་བཅས་འཛམ་གླིང་ཞི་བདེ་ཡོང་བའི་རྟེན་འབྲེལ་གྱི་ཐོག་མའི་མཛད་སྒོ་ཐོག་དང་པོ་རྒྱ་ཆེར་སྤེལ། རབ་གནས་རྒྱས་པ་དང་ཞི་བདེའི་སྨོན་ལམ་ཐེངས་གཉིས་པ་བླ་གྲྭ་བཞི་སྟོང་ལྷག་ཙམ་གྱིས་བོད་ཤིང་རྟའི་ལོའི་ཧོར་ཟླ་དྲུག་པའི་ཚེས་བཅུའི་དུས་ཆེན་ཉིན་ལེགས་པར་སྤེལ།