མཆོད་རྟེན་གྱི་མིང་ཁུངས་བཙུན་པ།
མཆོད་རྟེན་ཞེས་པའི་ཐ་སྙད་ནི། སཾསྐྲྀཏའི་སྐད་དུ་ཙཻཏྱཾ་ཞེས་པ་བོད་སྐད་དུ་མཆོད་རྟེན་སྟེ། མཆོད་པའི་ཞིང་ངམ་རྟེན་གྱི་དོན་ཡིན་པར་གསུངས་སོ། །སྔོན་གྱི་མཆོད་རྟེན་དང་དེའི་དབྱེ་བ་ནི། གཟུངས་འཇུག་འཁྲུལ་སྤོང་ལས། རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན། བླ་ན་མེད་པའི་མཆོད་རྟེན། བྱིན་གྱིས་རླབས་པའི་མཆོད་རྟེན། དངོས་གྲུབ་འབྱུང་བའི་མཆོད་རྟེན། ཐེག་པ་སོ་སོའི་མཆོད་རྟེན་དང་ལྔར་གསུངས་པའི་དང་པོ་ནི། དུས་ཀྱི་འཁོར་ལོའི་རྒྱུད་ལས། དེ་ལྟར་ངེས་པར་འཇིག་རྟེན་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ཡིན་ནོ། །ཞེས་དང་། དྲི་མེད་འོད་ལས། ལྷུན་པོ་དང་འཇིག་རྟེན་གྱི་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་མཆོད་རྟེན་གྱི་དངོས་པོ། ཞེས་སོགས་ཀྱི་སྤྱིར་བཏང་སྣོད་ཀྱི་འཇིག་རྟེན་འདི་ཉིད་ཀྱང་མཆོད་རྟེན་ཡིན་ཚུལ་དང་།
ཐིག་ལེ་དབང་གི་རྒྱུད་ལས། ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །ཞེས་ཚད་མེད་བཞིས་རིགས་བཞི་གྲུབ་ཚུལ་དང་སྦྱར་ནས་མཆོད་རྟེན་ཡིན་པར་གསུངས་སོ། །
འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་པས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་ཡོད་ཚུལ་གསུངས་པ་བཞིན་དང་།
སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ་ཡུལ་ཆེན་པོ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་ཆེན་མོ་བརྒྱད་ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་རེ་རེ་བྱུང་བ་ནི། མ་ག་དྷར་མཆོད་རྟེན་བདེ་བྱེད། སིངྒ་ལར་རི་བོ་ཏ་ལ། བལ་པོར་བྱ་རུང་ཁ་ཤོར། སཱ་ལའམ་གྱད་ཡུལ་དུ་གོ་མ་སཱ་ལ། ལི་ཡུལ་དུ་འགེའུ་དེ་ཤན། ཁ་ཆེའི་ཡུལ་དུ་ཀ་ནི་ཀ ཨོ་རྒྱན་དུ་དྷརྨ་ཙཀྲ། ཟ་ཧོར་དུ་བདེ་སྤྱོད་གཞོན་ནུའི་མཆོད་རྟེན་དང་བརྒྱད་ཡོད་པར་བདུད་རྩི་ཆེན་པོ་མཆོག་གི་རྒྱུད་བམ་པོ་སོ་བཞི་པ་ལས་གསུངས་སོ། །
ཐེག་པ་སོ་སོའི་མཆོད་རྟེན་ལ་དབྱེ་ན།
ཆོས་གོས་བཞི་བལྟབ་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབ་པ་ལ་འཁར་གསིལ་བཙུགས་པའི་དབྱིབས་ཅན་ཉན་ཐོས་ཀྱི་མཆོད་རྟེན། རྨང་གྲུ་བཞི་པའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་རང་རྒྱལ་གྱི་མཆོད་རྟེན། དེ་བཞིན་གཤེགས་པའི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་ལ་སོགས་པ་ནི་ཐེག་ཆེན་གྱི་མཆོད་རྟེན་དུ་བཞེད་པ་དང་། ཀླུ་སྒྲུབ་ཀྱིས་ལྷུང་བཟེད་ཁ་སྦུབས་པ་ལྟ་བུའི་མཆོད་རྟེན་དང་། ཁང་བུ་བརྩེགས་པའི་མཆོད་རྟེན་དང་། རྒྱལ་མཚན་བསྒྲེང་བ་ལྟ་བུའི་མཆོད་རྟེན་གསུམ་གསུངས་པ་སྟག་ལོས་ཐེག་ཆེན་ཁོ་ན་ལ་སྦྱར་ཡང་། མདོ་རྩའི་གཙང་ཁང་ཅན་དང་འདིའི་ཁང་བུ་བརྩེགས་པ་འདྲ་ཞིང་ཤཱ་རིའི་བུ་ལ་དེ་ལྟ་བུ་བྱས་པར་གླིང་གཞིའི་སྐབས་སུ་འབྱུང་བས་དེ་གསུམ་མཆོད་རྟེན་སྤྱིའི་དབྱེ་བར་བྱས་ན་ལེགས་ཞེས་གསུངས་ཚུལ་ཡང་ཡོད། ཡང་རྒྱུད་སྡེ་སོ་སོའི་མཆོད་རྟེན་ལ། དམ་པ་དང་པོའི་སངས་རྒྱས་ཀྱི་ཡེ་ཤེས་ལེའུ་ལས་གསུངས་པ་སོགས་བླ་མེད་སྤྱི་དང་གཉིས་མེད་སྐོར་རོ། །རྡོ་རྗེ་བཀོད་པ་སོགས་རྣལ་འབྱོར་རྒྱུད་སྐོར་ལ། བང་རིམ་ནང་དུ་བཅུག་ཅིང་ཕྱིར་འབུར་བའམ་དབུས་འབུར་ལ་མཐའ་གཉིས་ནང་དུ་བཅུམ་པ་འཁོར་ལོ་བཅུ་གཉིས་པ་བྱ་སྤྱོད་སྐོར་སོ་སོར་གསུངས་པ་ལྟར་དང་། གཞན་ཡང་གང་ཟག་གི་མཆོད་རྟེན་ལ་དབྱེ་ན། དུ་མ་ཡོད་དེ། འདུལ་བ་གཞུང་བླ་མའི་ཁབ་རལ་གྱི་རབ་ཏུ་ལྡན་པའི་སྐབས་ལས། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ནི་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །རང་སངས་རྒྱས་ཀྱི་ནི་བུམ་པ་སུལ་ཅན་ཉིད་ལ་བྱའོ། །
དགྲ་བཅོམ་པའི་ནི་འཕངས་ལོ་བཞི་པའོ། །ཕྱིར་མི་འོང་བ་ནི་འཕང་ལོ་གསུམ་པའོ། །ལན་གཅིག་ཕྱིར་འོང་བའི་ནི་འཕང་ལོ་གཉིས་པའོ། །རྒྱུན་དུ་ཞུགས་པའི་ནི་འཕང་ལོ་གཅིག་པའོ། །སོ་སོའི་སྐྱེ་བོ་དགེ་བ་ཅན་ལ་མགོ་ཡུ་བོར་བྱའོ། །ཞེས་པ་སོགས་ཀྱིས་གང་ཟག་སོ་སོའི་མཆོད་རྟེན་བསྟན་པ་དང་། དུས་ཀྱང་སྔོན་ནས་མཆོད་རྟེན་ཡོད་དེ། མདོ་སྡེ་ལས་བརྒྱའི་བམ་པོ་ཉེར་བརྒྱད་པ་ལས། སྔོན་བྱུང་བ་འདས་པའི་དུས་སྐྱེ་དགུ་རྣམས་ཚེ་ལོ་བཞི་ཁྲིར་སྤྱོད་པ་ན། ལྷ་མིའི་སྟོན་པ་འཁོར་བ་འཇིགས་འཇིག་རྟེན་དུ་བྱོན་པ་ཡོངས་སུ་མྱ་ངན་ལས་འདས་ནས་རྒྱལ་པོ་མཛེས་པས་དེའི་སྐུ་གདུང་ལ་མཆོད་པ་བྱས་ཏེ་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ཏེ་མཆོད་རྟེན་གྱི་དུས་སྟོན་སོགས་བཤད་པ་བཞིན་དུ། ལྷ་དང་མིའི་བསོད་ནམས་གསོག་པའི་ཞིང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་གྱི་གཙོ་བོ་མཆོད་རྟེན་ལ་ཡུལ་དུས་གང་ཟག་གྲུབ་མཐའ་སོགས་ཀྱི་དབྱེ་ན་ཤིན་ཏུ་མང་ཡང་རེ་ཞིག་དེ་ཙམ་མོ། །