བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

མཆོད་རྟེན་གྱི་ལོ་རྒྱུས་ཀྱི་འགྱུར་བ།

   བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད་ངེས་པའི་དོན་དུ་བསྐལ་པ་སྔོན་ནས་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང་། གདུལ་བྱ་ཐུན་མོང་བའི་སྣང་ངོར་ཞིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ནས་འགྲོ་བ་དཔག་མེད་སྨིན་པར་མཛད་པའི་སྐབས་སུ་བཀྲ་ཤིས་ལུམྦི་ནིའི་ཚལ་དུ་ངོ་མཚར་བའི་མཚན་མ་བྱེ་བ་སྙེད་དང་བཅས་སྐུ་བལྟམས་པ་ལྟ་བུའི་མཛད་པ་ཁྱད་པར་ཅན་རེ་བསྟན་པའི་སར་དེ་འབྲེལ་བརྡ་ཁྱད་ཅན་གྱི་རྗེས་སུ་དྲན་པའི་རྟེན་ནམ་མཆོད་པར་བྱ་ཡུལ་གྱི་རྟེན་ཡང་ཁྱད་པར་ཅན་རེ་བརྩིགས་པ་དེ་དག་ལ་སླར་ཡང་མཆོད་རྟེན་ཞེས་པའི་ཐ་སྙད་ཆགས་ཤིང་ཡོངས་སུ་གྲགས་པར་གྱུར་ཏེ། ལས་ཀྱི་མཐའ་བརྗོད་པའི་མདོ་ལས། སྤྲུལ་པ་མཛད་པ་སྔོན་བསྟན་ཕྱིར། །མཆོད་རྟེན་བརྒྱད་དུ་སྐུ་གདུང་བཞག། ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །

 

 

 

   གཉིས་པ་བསྟན་པ་འདིའི་མཆོད་རྟེན་ལ་དབྱེ་ན། ཤཱཀ་ཐུབ་མཆོད་རྟེན་ཆ་བརྒྱད་དང་། སྐུ་གདུང་མཆོད་རྟེན་ཆ་བརྒྱད་སོགས་དབྱེ་བ་མང་ངོ་། །དང་པོ་ཤཱཀ་ཐུབ་མཆོད་རྟེན་ཆ་བརྒྱད་དེ་དུས་ནམ་གྱི་ཚེ་གང་ཟག་སུས་ཚུལ་ཇི་ལྟར་བཞེངས་ཞེ་ན། དང་པོ་གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་པའི་ཚེ་ཡབ་རྒྱལ་པོ་ཟས་གཙང་མ་སོགས་ཤཱཀྱ་རྣམས་ཀྱིས་བཞེངས་པ་དབྱིབས་ཟླུམ་པོ་འཁོར་བའི་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པར་མཚོན་བྱེད་པདྨའི་རྣམ་པ་ཅན་བང་རིམ་བཞིའམ་བདུན་བརྒྱད་དུའང་བྱར་རུང་བ་པདྨ་དང་འཁོར་ལོས་སྤྲས་པ་པད༷་སྤུ༷ངས་མཆོ༷ད་རྟེ༷ན། ཤིང་རྟ་ས་ག་ཟླ་བའི་ཉ་ལ་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྗོགས་པར་སངས་རྒྱས་པའི་དུས་སུ་རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོ་ལ་སོགས་པས་བཞེངས་པ་དབྱིབས་གྲུ་བཞི་བང་རིམ་བཞི་པ་བྱ༵ང་ཆུ༵བ་ཆེན་པོའི་མཆོད་རྟེན། ཡུལ་ཝ་ར་ཎ་སཱིར་བདེན་བཞིའི་ཆོས་འཁོར་བསྐོར་ཚེ་ལྔ་སྡེ་བཟང་པོས་བཞེངས་པ་དབྱིབས་གྲུ་བཞི་བང་རིམ་བཞི་པ་གློ་འབུར་དང་བཅས་པ་སྒོ་བརྒྱ་རྩ་བརྒྱད་དམ་ལྔ་བཅུ་ང་དྲུག་བཅུ་དྲུག་ལ་སོགས་གང་བདེ་བྱེད་རུང་བར་བཞེད་པ་བཀྲ་ཤིས་སྒོ༵་མ༵ང་མཆོད་རྟེན། མཉན་ཡོད་དུ་མུ་སྟེགས་སྟོན་པ་སྡེ་དྲུག་འདུལ་བའི་ཕྱིར། ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚེ་ཛེ་ཏའི་ཚལ་དུ་ལི་ཙ་བཱི་སོགས་ཀྱིས་བཞེངས་པ་དབྱིབས་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ་མུ་སྟེགས་ཕམ་བྱེད་དམ་ཆོ༵་འཕྲུ༵ལ་མཆོད་རྟེན། སུམ་ཅུ་རྩ་གསུམ་དུ་དབྱར་གནས་མཛད་མ་ཡུམ་བདེན་པ་ལ་བཀོད་དབྱུག་ཟླའི་ཉེར་གཉིས་ཀྱི་སྔ་དྲོ་དགག་དབྱེ་མཛད་ཕྱི་དྲོ་ནམ་མཁའ་ལས་བབས་ཏེ་མི་ཡུལ་དུ་ཕེབས་དུས་གསལ་ལྡན་དད་པ་ཅན་དག་གིས་བཞེངས་པ་བང་རིམ་བཞི་བརྒྱད་གང་བདེ་ངོས་རེར་གློ་འབུར་བཅས་པའི་གློ་འབུར་དབུས་ན་ཐེམ་སྐས་དང་ལྡན་པ་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་ནམ་ལྷ༵་བ༵བས་སུ་གྲགས་པ་དང་། སྟོན་པའི་འཁོར་རྣམས་ལ་ལྷས་སྦྱིན་གྱིས་དབྱེན་བྱས་ནས་ཕྱོགས་གཉིས་སུ་བྱེ་བ་ལ་ཤཱ་རིའི་བུ་དང་མོོངྒལ་གྱི་བུས་བསྡུམས་པའི་དུས་རྒྱལ་བྱེད་སོགས་མ་ག་དྷ་བས་བཞེངས་པ་བང་རིམ་བཞི་པ་གྲུ་བཞི་པ་ལ་དབྱེ༵ན་འདུ༵མ་མཆོད་རྟེན། བདུད་དགའ་རབ་དབང་ཕྱུག་གིས་གསོལ་བ་བཏབ་པ་ལྟར་སྐུ་ཚེའི་འདུ་བྱེད་བཏང་བ་ན་དགེ་བསྙེན་ཙུནྡསགསོལ་བ་བཏབ་སྟེ་སྐུ་ཚེ་ཟླ་བ་གསུམ་བྱིན་གྱིས་རླབས་པའི་ཚེ་ཡངས་པ་ཅན་པ་རྣམས་ཀྱིས་བརྩིགས་པ་བྱིན་རླབས་རྣ༵མ་རྒྱ༵ལ་མཆོད་རྟེན། སྐུ་དངོས་ཀྱི་གདུལ་བྱའི་སྐལ་བ་རྫོགས་ནས་རྩྭ་མཆོག་གི་གྲོང་དུ་མྱངན་ལས་འདས་ཚེ་རྩ་ཅན་གྱི་གྱད་རྣམས་ཀྱིས་བརྩིགས་པ་བང་རིམ་གྱིས་དབེན་པའི་གདན་ཁྲིའི་སྟེང་བུམ་སྟན་ཡན་ཆད་བཞུགས་པ་མྱ༵ང་འད༵ས་མཆོད་རྟེན་དང་བརྒྱད་དུ་འདོད་དེ། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། འདི་ལྟ་སྟེ་དཔེར་ན། ཆོས་ཀྱི་འཁོར་ལོ་བསྐོར་བའམ། མངོན་པར་འབྱུང་བའམ། བྱང་ཆུབ་ཤིང་དྲུང་དུ་བདུད་འཇོམས་པ་ལྟ་བུའམ། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོའམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དག་པར་བསྟན་པའམ། ལྷ་ལས་བབས་པའམ། ལྷ་ཡུལ་དུ་མངོན་པར་འཛེགས་པར་བྱེད་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་པ་ཡིན། ཞེས་གསུངས་པའི་སྐབས་སུ་པད་སྤུངས་མི་གསལ་བ་ཡི་གེ་ཆད་སྙམ་ཞེས་སྡེ་སྲིད་ཀྱིས་གསུངས་སོ། །ལི་ཡུལ་ལུང་བསྟན་པ་ལས་དངོས་སུ་མཆོད་རྟེན་བརྒྱད་གསལ་བར་གསུངས་སོ། །ཡང་སྐུ་གདུང་མཆོད་རྟེན་ཆ་བརྒྱད་ཞེས་པ་ནི། གྱད་ཡུལ་རྩྭ་མཆོག་གྲོང་ཁྱེར་ཤིང་སཱ་ལ་ཟུང་གི་འོག་ཏུ་སྟོན་པ་སྐུ་མྱ་ངན་ལས་འདས་ཚེ་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་དང་པོ་རྩྭ་ཅན་དུ་གྱད་ཀྱིས་བརྩིགས་པའི་མཆོད་རྟེན། གཉིས་པ་ཡུལ་སྡིག་པ་ཅན་དུ་གྱད་རྣམས་ཀྱིས་བརྩིགས་པའི་མཆོད་རྟེན། གསུམ་པ་ཡུལ་རྟོག་པ་གཡོ་བ་ན་རྒྱལ་རིགས་བུ་ལུ་ཀས་བརྩིགས་པའི་མཆོད་རྟེན། བཞི་པ་ཡུལ་སྒྲ་སྒྲོགས་ན་རྒྱལ་རིགས་ཀྲོང་ཏྱས་བརྩིགས་པའི་མཆོད་རྟེན། ལྔ་པ་ཁྱབ་འཇུག་གླིང་དུ་བྲམ་ཟེས་བརྩིགས་པའི་མཆོད་རྟེན། དྲུག་པ་ཡུལ་སེར་སྐྱ་ན་ཤཱཀྱ་རྣམས་ཀྱིས་བརྩིགས་པའི་མཆོད་རྟེན། བདུན་པ་ཡངས་པ་ཅན་དུ་ལི་ཙ་བཱི་རྣམས་ཀྱིས་བརྩིགས་པའི་མཆོད་རྟེན། བརྒྱད་པ་མ་ག་དྷར་རྒྱལ་པོ་མ་སྐྱེས་དགྲས་བརྩིགས་པའི་མཆོད་རྟེན་དང་བརྒྱད་པོ་སྐུ་གདུང་ཆ་བརྒྱད་ཀྱི་མཆོད་རྟེན་ཞེས་གྲགས་པ་དེ་ཡང་གོང་གི་ཤཱཀ་ཐུབ་མཆོད་རྟེན་བརྒྱད་ཀྱི་ནང་གི་མྱང་འདས་མཆོད་རྟེན་གྱི་དབྱེ་བ་ཡིན་ནོ། །སྐུ་གདུང་བཅུག་པའི་གསེར་གྱི་བུམ་པ་ལ་བྲམ་ཟེ་བྲེ་བོས་བྲེ་བོ་མཉམ་པའི་ཡུལ་དུ་མཆོད་རྟེན་བརྩིགས་ཤིང་། སྐུ་གདུང་ཞུགས་ལ་ཞེན་པའི་སོལ་བ་ལ་བྲམ་ཟེ་ནྱེ་གྲོ་དྷས་རང་ཡུལ་དུ་མཆོད་རྟེན་བརྩིགས་པ་དང་བཅུར་ཡང་བཤད་དེ། ཕྲན་ཚེགས་ལས། དེའི་ཚེ་འཛམ་བུའི་གླིང་དུ་བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་མཆོད་རྟེན་བརྒྱད་དང་། བུམ་པའི་མཆོད་རྟེན་དང་དགུ། སོལ་བའི་མཆོད་རྟེན་དང་བཅུར་གྱུར་ཏོ། ཞེས་དང་། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུའི་གླིང་པའི་མཆོད་པར་ཐོབ། །ཅེས་དང་། གཞན་ཡང་སངས་རྒྱས་ཉིད་ཀྱིས་ལུང་བསྟན་པ་བཞིན་ཆོས་རྒྱལ་མྱང་ངན་མེད་ཀྱིས་མཆོད་རྟེན་བྱེ་བ་བཞེངས་ཏེ་ས་སྟེང་མཛེས་པར་བྱས་པ་སོགས། མདོ་སྡེ་ལས་བརྒྱའི་བམ་པོ་ཉེར་བརྒྱད་དང་། མྱང་འདས་བམ་པོ་བཞི་བཅུ་རྩ་གཉིས་སོགས་སུ་གང་ཟག་སོ་སོའི་མཆོད་རྟེན་ཇི་ལྟར་བྱེད་ཚུལ་རྒྱས་པར་གསུངས་ཀྱང་འདིར་མ་བྲིས་སོ། །