བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

ལྷ་སྐུ་བཞེངས་པའི་ཕན་ཡོན།

ལྷ་སྐུ་བཞེངས་པའི་ཕན་ཡོན།

 

   དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པ་ལྟར། ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་དྲུག་གིས་མཚུངས་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ནི་སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྒྲོལ་བའི་མགོན་དང་དཔུང་གཉེན་སྐྱབས་དང་སྐྱོབས་པ་བླ་ན་མེད་པ་ནམ་ཡང་བསླུ་བ་མེད་པའི་བདག་ཉིད་ཅན་ཡིན་པས། ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱིས་དུས་དང་གནས་སྐབས་ཐམས་ཅད་དུ་གཙུག་གི་རྒྱན་དུ་བཟུང་ནས་དེ་ལ་སྐྱབས་སུ་འགྲོ་བ་དང་གསོལ་བ་འདེབས་པ་བཀུར་སྟི་རིམ་གྲོ་བྱ་དགོས་ཏེ། ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པ། །ཡོན་གྱི་གནས་འགའ་ཡོད་མ་ཡིན། ཞེས་གསུངས་སོ། དེའི་ཕྱིར་སངས་རྒྱས་དངོས་སུ་བཞུགས་པའམ་མིན་ཀྱང་དེའི་སྐུ་གསུང་ཐུགས་རྟེན་ལ་དད་པས་སྐྱབས་སུ་འགྲོ་ཞིང་རྟེན་བཞེངས་པ་དང་བསྙེན་བཀུར་བྱས་ན་ཕན་ཡོན་ཁྱད་མེད་དུ་ཐོབ་སྟེ། དཀོན་མཆོག་བརྩེགས་པ་ལས། གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟར་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་ཕན་ཡོན་རྣམས་ནི་མཚུངས། མཉམ་ཞིང་འདྲའོ་ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུའི་རབ་ཏུ་ཕྱེ་བ་ཡིན་གྱི་གཟུགས་ཀྱི་སྐུའི་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །ཞེས་སངས་རྒྱས་དངོས་སུ་བཞུགས་པ་ལ་མཆོད་པ་དང་ཁྱད་པར་མེད་པར་གསུངས་པ་དང་། དེའི་རྒྱུ་མཚན་གྱིས། ཨ་བྷྱ་ཀ་རས་ཐུབ་པ་དགོངས་རྒྱན་ལས། འདིར་སངས་རྒྱས་ནི་གཉིས་ཏེ། དོན་དམ་པ་ནི་སྐུ་གསུམ་གྱིས་ཡང་དག་པར་བསྡུས་པའོ། །
   ཐ་སྙད་པ་ནི་སྐུ་གདུང་གི་མཆོད་རྟེན་དང་སྐུ་གཟུགས་དང་ཞེས་པ་ནས་མཉམ་པར་སེམས་རབ་ཏུ་དྭངས་པའི་རྣམ་པར་སྨིན་པ་མཉམ་པར་གསུངས་སོ་ཞེས་པའི་བར་གྱི་རྒྱ་ཆེར་གསུངས་པ་དང། གཞན་ཡང། བཀའ་འཁོར་མར་བཅོམ་ལྡན་འདས་ཀྱི་བཀའ་བསྩལ་པ། ང་ཡི་འཁོར་ནི་རྣམ་བཞི་ཡི། །ད་ལྟ་ང་ལ་མཆོད་པ་དང་། མ་འོངས་པ་ན་དད་པ་ཡིས། །གཟུགས་བརྙན་རྣམས་ནི་མཆོད་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་ཏེ་སངས་རྒྱས་བྱིན་རླབས་ཏེ། །སོ་སོའི་སྐྱེ་བོས་ཤེས་མ་གྱུར། །དེ་ཕྱིར་སངས་རྒྱས་མ་བྱོན་པའི། །ཞིང་ན་གཟུགས་སྐུ་ཡོད་མིན་ཞིང་། །མཐའ་ཁོབ་ཀླ་ཀློ་རྣམས་ན་མེད། །བསྟན་པ་ནུབ་ན་ཡོད་མིན་ཞིང་། །མུ་སྟེགས་བྱོལ་སོང་སོགས་མི་མཐོང་། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །ཞེས་གསུངས་པ་བཞིན། སངས་རྒྱས་ཀྱི་སྐུ་གཟུགས་རྒྱུ་རྩ་ཇི་འདྲ་ཡིན་ཡང་། སངས་རྒྱས་དངོས་སུ་བཞུགས་པ་དང་ཁྱད་པར་མེད་པའི་རྒྱུ་མཚན་གྱི་སྐུ་རྟེན་བཞེངས་པའི་ཕན་ཡོན་ནི། མདོ་རྒྱུད་བསྟན་བཅོས་རྣམས་ལས་ཤིན་ཏུ་མང་པོར་གསུངས་པ་བརྗོད་ཀྱིས་མི་ལང་ལ་ཆ་ཤས་ཙམ་སྨོས་ན། ཏིང་འཛིན་རྒྱལ་པོའི་མདོ་ལེའུ་སུམ་ཅུ་རྩ་གཅིག་པ་ལས། སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག། རིན་ཆེན་བྱི་དོར་ལེགས་པར་བྱས་པ་ཡང་། །བལྟ་ན་སྡུག་ཅིང་ཤིན་ཏུ་མཛེས་པར་གྱིས། །རིང་པར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །དེ་བཞིན་གསེར་དག་དང་ནི་དངུལ་དག་དང་། །ཙན་དན་གྱི་ནི་སྐུ་གཟུགས་བཟང་པོ་དག། །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང་། །ཤིང་དང་རི་མོར་བྲིས་པའི་སྐུ་གཟུགས་དང་། །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་དང། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གངྒཱ་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་སངས་རྒྱས་ཀྱི་སྐུ་གཟུགས་གཅིག་རི་མོར་བྲིས་པ་འདི་ནི་དེ་བས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་དང་། 

སྤྱན་རས་གཟིགས་ཀྱི་མདོ་ལས། གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་འདྲི་རྩིག་ངོས་འབྲིའམ་གསེར་ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ཉོན། །དེ་ནི་བལྟ་མིན་ལོང་བར་ཞར་མི་འགྱུར། །སྒུར་པོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་ཐོབ། །སྤོབས་པ་ཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་། །ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན། །གཡོ་མེད་མི་རྐུ་རྒྱལ་པོ་འཁྲུགས་མི་བྱེད། མཐུ་དང་ལྡན་ཞིང་དབང་ཆེར་གྲགས་པར་འགྱུར། །བྱམས་ལ་གནས་ཤིང་མི་དམན་སེམས་དང་ལྡན། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་འགྱུར་སྐྱེ་བོ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་ཚེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །ལྷ་ཡི་དབང་པོའི་དབང་ཕྱུག་དབང་ཐོབ་པ། །ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར། །བདག་པོ་ལྷུན་པོའི་ཟོམ་ན་རྒྱལ་སྲིད་སྟོན། །དེ་ནི་དྲན་དང་བློ་གྲོས་མི་ལྡན་མིན། །དེ་ནི་རྟོགས་མོས་ཤེས་རབ་ཚང་བར་འགྱུར། །འཇིག་རྟེན་ཀུན་ན་དབུགས་ཕྱིན་ཐབས་འགྱུར་ཏེ། །འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས། །སེམས་ཅན་སྙིང་པོ་མཚུངས་མེད་མཆོད་བྱས་ན། །དུད་འགྲོའི་སྐྱེ་གནས་གཤིན་རྗེའི་ཡུལ་མི་འགྲོ། །ངན་འགྲོ་གསུམ་པོ་དེས་ནི་རྣམས་སྤངས་ཏེ། །བདག་དེར་ཕྱིར་མི་སྐྱེ་བར་ཤེས་པར་བྱ། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྷར་འགྱུར་ཏེ། །མི་དམན་དགའ་བའི་སེམས་ཀྱིས་སངས་རྒྱས་མཆོད། །རྒྱལ་བ་མཆོག་གི་བསྟན་ལ་དད་པར་འགྱུར། །ཚངས་པའི་འཇིག་རྟེན་དབང་ཐོབ་ཚངས་པར་འགྱུར། །ཡིད་འོང་ཤིན་ཏུ་མཛེས་པའི་སྤོས་ངད་ཅན། །འཛམ་བུ་ཀླུང་གསེར་འོད་བྱེད་དགའ་འགྱུར་བའི། །གཞལ་མེད་ཁང་མཆོག་ལྟ་སྡུག་ཐོབ་པར་འགྱུར། །དེ་ནི་དེད་དཔོན་སྟོབས་བཅུ་ལྡན་པ་པོ། །སེམས་ཅན་སྙིང་པོ་མཚུངས་འདྲ་མེད་པ་ཐོབ། །ཁ་དོག་མཐའ་ཡས་འཇིན་རྟེན་ཀུན་ན་གནས། །གསེར་སྟོང་རིན་ཆེན་བེེཌཱུརྱ་དང་མཚུངས། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། འདྲེན་པའི་གཟུགས་སྐུ་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་གྱུར་སྐྱེས་བུ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་ཆེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །ཞེས་སོགས་གནས་སྐབས་ཀྱི་ཕན་ཡོན་དང། །དམ་ཆོས་པདྨ་དཀར་པོའི་ཐབས་མཁས་པའི་ལེའུ་གཉིས་པ་ལས། གང་གི་རྩིག་ངོས་གཟུགས་ཀྱི་རི་མོ་དག། །བསོད་ནམས་བརྒྱས་མཚན་ཡོངས་སུ་རྗོགས་པའི་སྐུ། །བདག་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བསམ་པ་དག་པས་བཞེངས་བར་མ་ཟད་རྩེད་མོ་ཙམ་གྱི་ཆེད་དུ་བྲིས་ན་ཕན་ཡོན་རྒྱ་ཆེན་ཐོབ་ཏེ། དེ་ཉིད་ལས། གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོ་དག་དང་གསར་བ་བྱེད་པ་ན། །རྩིག་ངོས་སེན་མོས་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་མཐར་ཐུག་ཀྱི་ཕན་ཡོན་དང་། སྡིག་པ་མི་དགེ་བ་སོགས་ལས་ཀྱི་སྒྲིབ་པ་སྦྱང་བ་ལ་སྐུ་གཟུགས་བཞེངས་པ་མཆོག་སྟེ། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས། གལ་ཏེ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དད་པ་བྱང་ཆུབ་ཀྱི་སེམས་དྲན་པ་ཉམས་པ་ཞིག་གིས་སྡིག་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། །འཕགས་པ་ལ་བསྐུར་པ་འདེབས་པ་དང་། མཚམས་མེད་པ་ལྔ་བྱེད་པ་དང་། སྲོག་གཅོད་པ་དང་། དཀོན་མཆོག་གསུམ་གྱི་ནོར་རྐུ་བ་དང་། །སེམས་ཅན་དམྱལ་བ་མནར་མེད་པར་འགྲོ་བ་དང་། ངན་སོང་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང་། གྲོགས་པོ་དང་གཉེན་རྣམས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་དེ་བཞེན་གཤེགས་པ་དེ་དག་གི་རི་མོའི་སྐུ་གཟུགས་དང་། འཇིམ་པའི་སྐུ་གཟུགས་བྱེད་དུ་འཇུག་ཅིང་། བྱེད་དུ་བཅུག་ནས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སེམས་གཙོ་བོར་བྱས་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལྡན་པར་གྱུར་ན་ཟླ་བ་ཡར་གྱི་ཚེས་བརྒྱད་ནས་བརྩམས་ཏེ་ཚེས་བཅོ་ལྔའི་བར་དེ་བཞིན་གཤེགས་པ་དེ་དག་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང། མར་མེ་དང་། སིལ་སྙན་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱི་མཚན་ལན་གསུམ་ཉིན་ལན་གསུམ་དུ་མཆོད་དེ། སེམས་ཅན་དེ་དག་ཐར་པའི་ཕྱིར་རོ། །ཞེས་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། ལས་དེས་སེམས་ཅན་དམྱལ་བ་མྱོང་བ་ཆུང་ངུ་མྱོང་སྟེ་ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །ཞེས་སོགས་ཀྱིས་སྡིག་ལྟུང་སྟོབས་ལྡན་འདག་པར་གསུངས་པ་དང། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལེའུ་ཉེར་དྲུག་པ་ལས། བདེ་གཤེགས་སྐུ་གསུང་ཐུགས་ཀྱི་རྟེན༔ཡོངས་སུ་རྫོགས་པ་བཞེངས་གྱུར་ན༔སངས་རྒྱས་བསྟན་པ་ཡུན་དུ་གནས༔ཇི་སྲིད་འགྲོ་འདུལ་ཐབས་ཆེན་བཤད༔ཅེས་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཕེལ་བ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་ལ་སྐུ་གཟུགས་སོགས་བཞེངས་པ་མཆོག་དང་ཕན་ཡོན་ཆེ་བར་གསུངས་སོ། །