བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

གསུངས་རབ་དཔར་བའི་ཕན་ཡོན།

གསུང་རྟེན་བཞེངས་པའི་ཕན་ཡོན།

 

 

   དེ་བཞིན་དུ་གསུང་རྟེན་བཞེངས་པའི་ཕན་ཡོན་ཡང་མདོ་རྒྱུད་བསྟན་བཅོས་རང་རང་གི་ནང་དུ་དེ་ཉིད་བྲི་ཀློག་འཛིན་ཅིང་ཆུབ་པ་དང་། དོན་སེམས་པ་གཞན་ལ་བསྐུར་བ་མཆོད་ཅིང་བསྙེན་བཀུར་བྱས་པའི་ཕན་ཡོན་མི་འདྲ་བར་དཔག་ཏུ་མེད་པར་གསུངས་པ་རྣམས་རྒྱས་པར་ཡིག་ཚོགས་མང་བས་མ་བྲིས་ལ། ཆ་ཤས་ཙམ་བརྗོད་ན། རྒྱལ་བ་བྱམས་པས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་གཞལ་དུ་མེད། །

   ཅེས་ཆོས་སྤྱོད་བཅུའི་བསོད་ནམས་གཞལ་དུ་མེད་པར་གསུངས་པའི་གནད་དོན་འདི་ལ་རག་ལས་ཤིང་། གཞན་ཡང་གནས་སྐབས་ཀྱི་དབང་དུ་བྱས་ནའང་ཚེ་འདི་ལ་མཐོང་ཆོས་ཀྱི་ཕན་ཡོན་དུ་མ་ཡོད་དེ། །རྡོ་རྗེ་སྙིང་པོའི་གཟུངས་ཀྱི་མདོ་ལས། ཡི་གེར་འབྲི་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དེ་ལ་ཚེ་འདི་ལ་ཡོན་ཏན་ཇི་སྙེད་ཅིག་མཆིས་པར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། དེ་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་བསྲུང་བར་ཤེས་པར་བྱའོ། །དེས་ཆོས་ཐམས་ཅད་ཐེ་ཚོམ་མེད་པར་ཤེས་པར་བྱའོ། །ཞེས་དང་། དཀོན་མཆོག་ཏ་ལ་ལས། ཀུན་དགའ་བོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲི་བ་དེ་ནི་མིག་ན་བར་མི་འགྱུར། ལྕེ་ན་བར་མི་འགྱུར། སྣ་ན་བར་མི་འགྱུར། སོ་ན་བར་མི་འགྱུར། ལག་པ་དང་རྐང་པ་ན་བར་མི་འགྱུར། ཀླད་པ་ན་བར་མི་འགྱུར། རྣ་བ་ན་བར་མི་འགྱུར། ལུས་དམན་པར་མི་འགྱུར། ལུས་དྲི་མི་ཞིམ་པར་མི་འགྱུར། ཕ་རོལ་གྱི་གནོད་པས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་ལ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བསྲུངས་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་དེ་སྤྲོས་པ་ཐམས་ཅད་ཡོངས་སུ་སྤངས་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་སོགས་ཚེ་འདིར་ཡང་བླང་དོར་གྱི་གནས་མཐོང་བའི་ཤེས་རབ་གཟུངས་སྤོབས་བློ་གྲོས་སོགས་ཡོན་ཏན་འཕེལ་བ་དང་། ནད་གདོན་རྐྱེན་ངན་སོགས་མི་འདོད་པའི་ཉེར་འཚེ་མཐའ་དག་ཞི་བ་རྣམས་ནི་མཐོང་བ་མངོན་སུམ་ཡིན་པ་དང་། དེ་བཞིན་དུ་ཚེ་རབས་གཞན་རྣམས་སུ་རྟེན་བཟང་ཕུན་སུམ་ཚོགས་པ་ཐོབ་ཅིང་། སངས་རྒྱས་མཐོང་བ་དང་། ཆོས་དང་འཕྲད་པ། གཟུངས་དང་སྤོབ་པ་སོགས་ཡོན་ཏན་ཐམས་ཅད་དུ་བདེ་བླག་ཏུ་ཐོབ་སྟེ། སྒོ་མཐའ་ཡས་པར་སྒྲུབ་པའིགཟུངས་ལས། བླ་མེད་བྱང་ཆུབ་ལ་རེག་བར་དུ་ཡང་། །དེ་ནི་ཏིང་ངེ་འཛིན་དང་མངོན་ཤེས་དང་། །གཟུངས་རྣམས་དང་ནི་གཟུགས་དང་ལོངས་སྤྱོད་དང་། །སངས་རྒྱས་མཐོང་ལས་ཉམས་པར་ཡོང་མི་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། མདོ་སྡེ་ཐོས་ནས་རྗེས་སུ་ཡི་རང་དང་། །ཡི་གེར་བྲིས་དང་བཟུང་དང་བཀླགས་པ་ཡི། །བསོད་ནམས་ཕུང་པོ་ཇི་ཙམ་བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པར་ཡོངས་མི་ནུས། །དེ་ནི་ཚེ་རབས་ཀུན་ཏུ་རྒྱལ་བ་མཐོང་། །དེ་དག་ལ་ཡང་དད་པ་བསམ་ཡས་རྙེད། །མདོ་སྡེ་ཟབ་མོའི་ཚུལ་ཡང་ཤེས་པར་འགྱུར། །དེ་ནི་མྱུར་དུ་བྱང་ཆུབ་མཆོག་འཚང་རྒྱ། །ཞེས་མཐར་ཐུག་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་གྱི་ཕན་ཡོན་ཚད་མེད་པ་འབྱུང་བར་གསུངས་སོ། ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་ཐུན་མོང་དང་ཐུན་མིན་རྣམས་ཐོས་བསམ་སྒོམ་པ་དང་འཛིན་ཅིང་ཀློག་པ་གླེགས་བམ་བཞེངས་པ་སོགས་རྟེན་གཞན་གྱི་དགེ་རྩ་ལས་ཁྱད་པར་འཕགས་ཏེ། མདོ་སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་གྱིས་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་མདོ་རྒྱུད་ཆ་ཚང་བ་ལ་ཕན་ཡོན་དེ་ལྟ་བུ་ཡོད་པ་ལྟ་ཞོག་དེའི་ནང་གི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་འཛིན་པ་དང་བཞེངས་པ་སོགས་ལ་བྱིན་རླབས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པ་ལས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་འཕགས་པའི་ལམ་ཡན་བརྒྱད་པ་ལ་འཇོག་ཅིང་། བཞག་ནས་ཀྱང་ལྷའི་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཉན་པ་དང་། འཆང་བ་དང་། འབྲི་བ་དང་། འབྲིར་འཇུག་པ་དང་། གཞན་ལ་རྒྱས་པར་བྱེད་ན་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །ཞེས་དང་། དེར་མ་ཟད་མདོ་རྒྱུད་རྣམས་ཀྱི་ནང་གི་མཚན་གཅིག་ཙམ་བཟུང་ན་བྱིན་རླབས་དང་ཕན་ཡོན་དཔག་དུ་མེད་དེ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་མདོ་ལས། བཅོམ་ལྡན་འདས། སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཙམ་ལ་རྟོགས་པ་གང་ལགས་པ་དེ་ཡང་བསམ་པ་ཐམས་ཅད་ཡོངས་སུ་རྗོགས་པར་འགྱུར་ན། ཡི་གེར་འབྲི་བ་དང་། གོས་དང་རྒྱན་གྱི་མཆོད་པ་ཆེན་པོ་དག་གིས་མཆོད་པ་བགྱིད་པ་དང་། ཡི་གེར་འདྲིར་སྩོལ་བ་ལྟ་ཅི་སྨོས། ཞེས་དང་། ཧེ་རུ་ཀའི་ངེས་པ་བརྗོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དཔེར་ན་མར་གྱི་གང་བའི་སྣོད། །མེ་ཡི་དབུས་སུ་བཞག་ན་ནི། །མར་སར་སྟེང་དུ་ཞུ་འགྱུར་ཞིང་། །སྣོད་ཀྱི་དྲི་མ་འཇིག་པར་འགྱུར། །དེ་བཞིན་ཤྲཱི་ཧེ་རུ་ཀའི། །མཚན་གྱི་སྡིག་པ་འཇིག་པར་འགྱུར། །བསམ་གཏན་སེམས་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་ལ། །ཡང་ན་འཁོར་ལོས་བསྒྱུར་བ་ཐོབ། །ཅེས་སོགས་གཟུངས་དང་མཚན་ཙམ་བཟུང་བའང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས་པ་རྣམས་ཡིག་ཚོགས་མང་བས་རྒྱས་པར་མ་བྲིས་སོ། །

 

 

    ཡང་ཁ་ཅིག་སྔོན་གྱི་དུས་བཟང་པོ་ལ་དགོངས་ནས་དེ་ལྟར་གསུངས་ཀྱང་། སྙིགས་དུས་འདིར་དེ་ལྟར་མི་འོང་སྙམས་ན་དེ་ནི་ཤིན་ཏུ་མི་རིགས་ཏེ། སྙིང་རྗེ་པད་དཀར་ལས། མ་འོངས་པའི་དུས་ལྔ་བརྒྱ་པ་ན། ཐ་ན་བྲིས་ཏེ་འཆང་བར་བྱེད་ན། དེས་བསོད་ནམས་ཆེས་མང་དུ་བསྐྱེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་གང་དག་བསྐལ་པ་ཆེན་པོ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། ཕལ་ཆེན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་སོགས་གསུངས་པ་བཞིན། ཆོས་དཀོན་མཆོག་གི་རྟེན་ཡི་གེ་ཀ་ལ་སོགས་པའང་བསྙེན་བཀུར་ཕྱག་མཆོད་མ་བྱས་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང་རང་གི་བསོད་ནམས་ཟད་པ་དང་། ཆོས་སྤངས་ཀྱི་ལས་བསགས་པའི་གྲངས་སུ་འགྲོ་བས་བག་ཡོད་དད་གུས་ལྡན་པས་ཕྱག་མཆོད་བཀུར་སྟི་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། སྙིགས་མའི་དུས་སུ་ཚུལ་ཁྲིམས་སྣ་རེ་བསྲུང་བ། ཐོས་བསམ་སྣ་རེ་བྱས་པ་ཚུན་ཚད་ཕན་ཡོན་ལྷག་པར་ཆེ་བར་གསུངས་སོ། །