མེ་ཏོག
དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན།
མེ་ཏོག་རྩེགས་པའི་གཟུངས་ལས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ། ཆུ་སྙིམ་པ་གང་ཙམ་འཐོར་རམ། བྱུག་པའི་ཐིག་ལེ་འདྲི་བའམ། མེ་ཏོག་གི་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། སྤོས་འབུལ་ལམ། བདུག་སྤོས་འབུལ་ལམ། མར་མེ་འབུལ་ཏེ་ཕུལ་ནས་དགའ་བའི་སེམས་ཀྱི་གོམ་པའི་གར་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ནི། སེང་གེ་རྣམ་པར་རྩེ་བ་བསྐལ་པའམ་བསྐལ་པ་བརྒྱ་འམ་བསྐལ་པ་སྟོང་དུའམ་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་འགྲོ་བར་འགྱུར་བ་དེའི་གནས་མེད་དོ། །ཞེས་གསུངས་སོ། །བྱམས་པ་འཇུག་པའི་མདོ་ལས། མི་གང་མཁས་ཤིང་འཛངས་པའི་རང་བཞིན་ཅན། །བདེ་བར་གཤེགས་པའི་བསྟན་ལ་ཡིད་ཆེས་ཤིང་། །བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད་ནས་ཀྱང་། །བདེ་གཤེགས་མཆོད་བརྟེན་ལ་ནི་མེ་ཏོག་འབུལ། །འདི་ནི་དེ་བས་བསོད་ནམས་ཁྱད་པར་བརྗོད། །བྱང་ཆུབ་སེམས་ཀྱི་མེ་ཏོག་འབུལ་བྱེད་པ། །བསོད་ནམས་སྔ་མ་དེ་ནི་དཔེར་མི་རུང་། །རྒྱ་མཚོ་དང་ནི་ཆུ་ཡི་ཐིགས་པ་བཞིན། །སངས་རྒྱས་ཞིང་འདིར་སེམས་ཅན་ཇི་སྙེད་པ། །བསྐལ་པ་རེ་རེ་ལ་ནི་སངས་རྒྱས་འགྱུར། །བསྐལ་པ་མང་པོར་ལས་གཞན་མི་བྱེད་པར། །བསོད་ནམས་བཤད་ཀྱང་མཐའ་ནི་ཐུག་པ་མེད། དེ་དག་བྱང་ཆུབ་སེམས་ཀྱི་རྣམ་སྨིན་བསྟན། །བསྐལ་པ་མཐའ་ཡས་བར་དུ་བཤད་ན་ཡང་། །ཅུང་ཟད་ཙམ་ཡང་ཡོངས་སུ་བརྗོད་མི་འགྱུར། ས་གཞི་དག་ལ་རྡུལ་ནི་བླངས་པ་བཞིན། བྱང་ཆུབ་སེམས་ཀྱི་རྣམ་སྨིན་བསྟན་པ་ཡི། །བསོད་ནམས་དེ་ལ་གལ་ཏེ་གཟུགས་ཡོད་ན། །ཞིང་རྣམས་གངྒཱའི་ཇི་སྙེད་བཀང་བྱས་ཀྱང་། །དེ་དག་བཀང་བས་ཆ་ཙམ་ཟད་པ་མེད། །
ཅེས་རང་ཉིད་གཅིག་པུའི་འདི་སྣང་ཁེ་གྲགས་ཀྱི་བསམ་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སངས་རྒྱས་ལ་ཕུལ་བ་བས། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་མེ་ཏོག་གཅིག་ཕུལ་བ་བསོད་ནམས་ལྷག་པར་ཆེ་བར་གསུངས་སོ། །དཀོན་མཆོག་ཏ་ལ་ལས། །མེ་ཏོག་བྱུག་པ་ན་བཟའ་འཇམ་རྣམས་དང་། །ཕྲེང་བ་བླ་བྲེ་ཕུལ་བའི་འོད་དེ་ཡིས། །ཆོས་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །འཇིག་རྟེན་ཕན་མཛད་རྒྱལ་བ་ཐམས་ཅད་ཀྱི། །སྤུ་རྣམས་ཀུན་ནས་ཆོས་རྣམས་བསམ་མི་ཁྱབ། །བྱུང་བ་ཐོས་ནས་མོས་པ་ཐམས་ཅད་ཚིམ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མེ་ཏོག་འབུལ་བའམ་སྔོས་རིས་འདྲི་ན་མ་ཚང་མེད་པ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མ་ཚང་བ་མེད་པར་འགྱུར་བ་དང་།
ལོངས་སྤྱོད་མ་ཚང་བ་མེད་པ་དང་། འཁོར་གཡོག་མ་ཚང་བ་མེད་པ་དང་། ཚུལ་ཁྲིམ་མ་ཚང་བ་མེད་པ་དང་། ཏིང་ངེ་འཛིན་མ་ཚང་བ་མེད་པ་དང་། ཐོས་པ་མ་ཚང་བ་མེད་པ་་དང་། ཤེས་རབ་མ་ཚང་བ་མེད་པ་དང་། སྨོན་ལམ་མ་ཚང་བ་མེད་པའོ། །ཞེས་དང་།
ལས་རྣམས་པར་འབྱེད་པའི་མདོའི་མཆོད་རྟེན་གྱི་ཕན་ཡོན་བསྟན་པ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་། དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང་། ལུས་ལ་དྲི་ང་བ་མེད་པར་འགྱུར་བ་དང་། ལུས་ལ་དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བར་འགྱུར་བ་དང་། འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་། ཡིད་དུ་འོང་བའི་ཆོས་རྣམས་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་ཆོས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ། །ཞེས་དང་། སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང་། །འབྲས་བུ་གསར་ཐོག་བྱུང་བ་འབུལ་བྱེད་པ། །
དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །རོ་མཆོག་ཀུན་ཐོབ་མི་རྫིའི་སྟོབས་དང་ལྡན། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། །བྱང་ཆུབ་ཏུ་ནི་སེམས་བསྔོས་ཏེ། །མེ་ཏོག་ཕྲེང་བ་བྱས་ནས་སུ། །མཆོད་རྟེན་དག་ལ་སུ་འབུལ་བ། །དེ་ནི་ནམས་ཀྱང་ཕོངས་མི་འགྱུར། །མི་ཡི་ནང་ནས་ཤི་འཕོས་ནས། །སུམ་བཅུ་རྩ་གསུམ་འགྲོ་བར་འགྱུར། །དེ་ནི་རིན་ཆེན་སྣ་ཚོགས་ཀྱི། །གཞལ་མེད་ཁང་པ་ཐོབ་པ་འགྱུར། །ཞེས་དང་། སུ་ཞིག་དགའ་བའི་ཡིད་ཀྱིས་མེ་ཏོག་བླངས། །དད་སྐྱེས་འཇིག་རྟེན་མགོན་ལ་ཆར་དུ་གཏོར། །དེ་ནི་མི་ཡི་འཇིག་རྟེན་བསོད་ནམས་ལྡན། །རྒྱལ་སྲིད་གནས་ནས་རྒྱལ་བ་མཆོག་བཀུར་འགྱུར། །མྱ་ངན་སྐྱབས་ཤིང་ཐ་བ་དྲིར་ལྡན་ལུས། །ཡན་ལག་ལེགས་གནས་མཚུངས་མེད་ཐོབ་པར་འགྱུར། །སྐྱེ་བོ་མང་པོས་ལྟ་བའི་འོས་ཡིན་ཏེ། །དམྱལ་བ་དགྲ་རྩ་འདོད་པ་སྤོང་བར་འགྱུར། །སྤྱད་པ་རྣམ་པར་སྤྱོད་ཚེ་འདོད་པ་ལ། །ངན་སྐྱུག་ཁུང་ལྟར་སྨད་པར་ཤེས་པར་འགྱུར། །ཚངས་སྤྱོད་དགེ་བ་ཁྱད་པར་འཕགས་ལ་སྤྱོད། །དགའ་བའི་སེམས་ཀྱིས་རྟག་ཏུ་སྤྱོད་པར་འགྱུར། །བསྐལ་པ་མཐས་ཡས་མང་དུ་དེ་ཁོ་ནས། །རབ་མཛེས་ཨུཏྤལ་གསུང་ནི་འབྱུང་བར་འགྱུར། །དེ་ཡི་ལུས་ནི་གསེར་གྱི་མདོག་འདྲ་ཞིང་། །ཙན་དན་ལྟ་བུར་དྲི་ཞིམ་ངད་ཀྱང་འབྱུང་། །སྤྱད་པ་རྣམ་པར་སྤྱོད་ཚེ་ཁྲོ་བ་དང་། །ཐ་བ་དྲི་སྐྱོན་གཏི་མུག་གནོད་མི་བྱེད། །དམན་པ་མེད་པའི་སེམས་ཀྱིས་དབུགས་ཕྱིན་རྙེད། །བག་ཡོད་ལྷ་ཡི་ནང་ན་རྒྱལ་པོ་ཐོབ། །ཅེས་དང་། །གསལ་རྒྱལ་ཚིགས་བཅད་ལས། སུ་དག་དཀོན་ཅོག་གསུམ་ལ་མེ་ཏོག་དང་། །འབྲས་བུ་གསར་ཐོག་བྱུང་བ་འབུལ་བྱེད་པ། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །རོ་མཆོག་ཀུན་ཐོབ་མི་རྫི་སྟོབས་དང་ལྡན། །ཕྲེང་བ་རྒྱ་ཆེན་མེ་ཏོག་ཆར་རྣམས་ཀྱིས། །སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད། །དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ། །ཆ་བྱད་ཡིད་འོང་སྣ་ཚོགས་ལེགས་པར་བརྒྱན། །ཞེས་དང་། མཆོད་རྟེན་སྐོར་བའི་ཚིགས་བཅད་ལས། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུང་། །འཛམ་བུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གི་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་ཕྲེང་བ་ཐོགས། །འཛམ་བུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། །དཔའ་བོའི་ཟ་མ་ཏོག་ལས། མེ་ཏོག་བཟང་པོའི་དགེ་འདུན་ལ། །རབ་ཏུ་འཐོར་ཞིང་མཆོད་བྱེད་པ། །བརྒྱ་བྱིན་ལས་ལྷག་ལོངས་སྤྱོད་ལྡན། །པདྨའི་དབང་པོ་ལྟ་བུར་མཛེས། །མཆོག་ཏུ་གྲགས་པ་དང་ལྡན་ཞིང་། །རྟག་ཏུ་དེ་ནི་སྐད་ཅིག་གིས། །དགྲ་ལས་རྣམ་པར་རྒྱལ་བར་གྱུར། །ས་རྣམས་ལ་ནི་སྤྱོད་བྱེད་པའི། །རིན་ཆེན་མཆོག་གི་མིར་འགྱུར་རོ། །སྤོས་མཆོག་དང་ནི་དྲི་བཟང་གིས། །རྒྱལ་བ་རྣམས་ལ་འབུལ་བྱེད་པ། །ལུས་ཀྱི་གྲགས་པའི་དྲི་ཡིས་ཁྱབ། །ཨུཏྤལ་སྔོ་དང་མཉམ་པ་ཡི། །མིག་ནི་དྲི་མེད་དཀྱུས་རིང་མཛེས། །བཻ་ཌཱུརྱ་དང་མུ་ཏིག་དང་། །རིན་པོ་ཆེ་ཡི་ཡན་ལག་བརྒྱན། །ལུས་ཀུན་ཀུ་ཤའི་གོས་ཀྱིས་གཡོགས། །སྐྱེ་བ་ཀུན་ཏུ་མི་ཡི་མཆོག། གཟུགས་དང་ལྡན་པར་གྱུར་པ་ནི། །དགེ་འདུན་དྲི་བཟང་ཕུལ་བས་ཡིན། །སྣ་ཚོགས་ས་ཡི་སྨན་རྣམས་ནི། །དེ་དག་དགེ་འདུན་ལ་ཕུལ་བས། །མཛེ་ལ་སོགས་པའི་ནད་རྣམས་ནི། །སྡུག་བསྔལ་མི་བཟད་པ་ལས་གྲོལ། །བཞིན་ནི་མཛེས་ཤིང་གསེར་རྣམས་དང་། །མཉམ་ཞིང་ཁ་དོག་ཡིད་དུ་འོང་། །རྒྱལ་པོ་ཡི་ནི་འཚེ་བ་རྣམས། །གང་ཡིན་པ་དང་བྲལ་བ་འཐོབ། །ཅེས་དང་།
ཕྲེང་བ་ཕུལ་བའི་ཕན་ཡོན་ནི།
དཀོན་ཅོག་ཏ་ལ་ལས། དྲང་སྲོང་ཆེ་ལ་རིན་ཆེན་ཕྲེང་བས་མཆོད། །རྒྱལ་དང་རྒྱལ་བའི་མཆོད་རྟེན་རིན་ཆེན་ཕུལ། །སྐྱེ་བོ་ཉོན་མོངས་རིན་ཆེན་རྣམས་ཀྱིས་བསྡུས། །རྒྱལ་བ་རྣམས་ལ་རིན་ཆེན་ཕྲེང་ཕུལ་བས། །རིན་ཆེན་བཀོད་པའི་འོད་ཟེར་འགྲུབ་པར་འགྱུར། །རིན་ཆེན་བཀོད་པའི་འོད་ཟེར་འགྲུབ་པ་ཡིས། །རིན་ཆེན་མི་བཟད་གཏེར་རྣམས་ཐོབ་པར་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། མཆོད་རྟེན་ཕྲེང་བ་འདི་ཕུལ་ན། །ཁང་བཟང་དག་དང་ཁང་བརྩེགས་པ། །ལྷ་ཡི་བུ་མོས་བསྟན་པ་རྣམས། །སུམ་བཅུ་རྩ་གསུམ་སྤྱོད་པར་གྱུར། །ཡན་ལག་བརྒྱད་ལྡན་ཆུས་གང་ཞིང་། གསེར་གྱི་བྱེ་མ་བརྡལ་གྱུར་པ། བཻ་ཌཱུརྱ་དང་ཤེལ་དག་གི། ལྷ་ཡི་རྫིང་བུ་ཐོབ་པར་འགྱུར། །དེར་ནི་ལྷ་ཡི་དགའ་སྤྱད་ནས། །མཁས་པ་ཚེ་ཚད་རྫོགས་པར་གྱུར། །ལྷ་ཡི་འཇིག་རྟེན་ཤི་འཕོ་ནས། །མི་ནང་ལོངས་སྤྱོད་ལྡན་པར་འགྱུར། །དགེ་བའི་རྩ་བ་དེ་ཉིད་ཀྱིས། །མཁས་པ་བག་ཡོད་གྱུར་ནས་ནི། །དེ་བཞིན་གཤེགས་པ་མཉེས་བྱས་ཏེ། །རྐང་གཉིས་མཆོག་ལ་མཆོད་པ་བྱེད། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །དེ་ནི་འཁོར་ལོའི་བསྒྱུར་བར་འགྱུར། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །ཚེ་རབས་བྱེ་བ་སྟོང་རྣམས་དང་། །ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པ། །ཀུན་ཏུ་བཀུར་སྟི་བྱས་པར་འགྱུར། །ཞེས་དང་། ལས་རྣམས་པར་འབྱེད་པའི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ་དང་། །ལུས་ཀྱི་དྲི་ང་བ་མེད་པར་འགྱུར་བ་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་ངད་ལྡང་བ་དང་། །རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། བརྒྱན་པར་འགྱུར་བ་དང་། །གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་། །སྐྱེས་པ་དང་བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བ་དང་། །མྱུར་དུ་ལོངས་སྤྱོད་ཆེ་བར་འགྱུར་བ་དང་། །མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། །ཡོངས་སུ་མྱ་ངན་ལས་འདས་བ་སྟེ། །བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་ནོ། །ཞེས་དང་། །གསལ་རྒྱལ་ཚིག་བཅད་ལས། མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ། །གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྤྲས་པ། །བསོད་ནམས་ལས་ལྡན་དེ་ཡི་མགོ་ལ་ཐོགས། །ཞེས་སོ། །