མར་མེ།
མར་མེ་ཕུལ་བའི་ཕན་ཡོན།
དཀོན་མཆོག་ཏ་ལ་ལས། མིག་རྣམས་སྤྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དེ་ཚེ་ལོང་བས་སྣ་ཚོགས་གཟུག་རྣམས་མཐོང་། །རྒྱལ་བ་དག་དང་རྒྱལ་བའི་མཆོད་རྟེན་ལ། །མར་མེ་ཕུལ་བས་མིག་སྤྱོང་འོད་ཟེར་ཐོབ། །ཅེས་དང་། འབྲུ་མར་མར་མེ་མར་གྱི་མར་མེ་དང་། །རྩ་ཤིང་འདམ་བུའི་འོད་མའི་སྒྲོན་མ་དང་། །སྤོས་དང་བཅུད་ལེན་རིན་ཆེན་སྒྲོན་མ་དང་། །རྒྱལ་བ་རྣམས་ལ་ཕུལ་བས་འོད་བྱེད་ཐོབ། །སྒྲོན་ཞེས་བྱ་བའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །དེ་དག་སྲེད་སྤངས་སྲིད་པའི་རྒྱ་མཚོ་ལས། །སེམས་ཅན་བསྒྲལ་བའི་དོན་དུ་གོ་ཆ་གྱོན། །ཞེས་དང་། །ལས་རྣམ་པར་འབྱེད་པའི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང་། ལྷའི་མིག་ཐོབ་པར་འགྱུར་བ་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་ཤེས་རབ་འབྱུང་བར་འགྱུར་བ་དང་། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ་དང་། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུ་ཡང་མུན་པ་ལ་གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་བོ་སྟེ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །ཞེས་དང་། མར་མེ་དབུལ་བའི་མདོ་ལས། ཤཱ་རིའི་བུ་དེ་ལ་དེ་བཞིན་གཤེགས་པའི་དགྲ་་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ། རིག་པ་གསུམ་དང་ལྡན་པ། བསོད་ནམས་ཀྱི་ཞིང་གི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་སེམས་དྭངས་བ། བསོད་ནམས་དོན་དུ་གཉེར་བ། བསོད་ནམས་ལ་དམིགས་པ། བསོད་ནམས་ཡོ་བྱད་དུ་བྱེད་པ། བསོད་ནམས་འདོད་པ། རྣལ་འབྱོར་དང་མཐུན་པའི་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་སྔོན་གྱི་སྤྱོར་བ་ཕུན་སུམ་ཚོགས་པ། ཐ་ན་མར་མེ་སྙིང་པོ་ཆུང་ངུ་འམ་ངན་པ་ཞིག་འབྲུ་མར་གྱིས་བསྐུས་སམ། མར་གྱིས་བསྐུས་ཏེ། འབུལ་ལམ་ངེས་པར་འབུ་ལམ། ཡོངས་སུ་འབུལ་ལམ། འཇོག་པར་བྱེད་པ་དང་། དགེ་བ་དོན་དུ་གཉེར་བས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་་པའི་སངས་རྒྱས་བཅོམ་ལྡན་འདས། ཕྱི་མའི་མཐའ་སྐྱེ་བའི་མཐའ་འཁོར་བ་སྤངས་པ། ད་ལྟར་བྱུང་བ་ན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་་ཤེས་གཟིགས་པ་བཟུང་བ་ཉིད་ཡིད་ལ་བྱེད་དམ། དེ་ལས་ཡོན་གང་ཡང་རུང་བ་ཞིག་ཡིད་ལ་བྱེད་དམ། དེ་བཞིན་གཤེགས་པའི་ཕྱིར་དང་། གཞི་དེ་ལས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་ཅིང་། དེ་བཞིན་གཤེགས་པའི་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་སེམས་སྐྱེད་དེ། མར་མེ་འདི་འབར་བར་བྱ། རབ་ཏུ་འབར་བར་བྱ། དབུལ་བར་བྱ། ཡོངས་སུ་དབུལ་བར་བྱ། །རབ་ཏུ་བཞག་པར་བྱའོ། །སྙམ་པའམ། སེམས་ཀྱི་རྒྱུད་གང་བར་གྱུར་པས། ཚུལ་ཁྲིམས་ཡོངས་སུ་དག་པ། མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་དང་ལྡན་པ་དེ་བཞིན་གཤེགས་པའི་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་དཔག་ཏུ་མེད་པ་བསོད་ནམས་མང་པོ་མངའ་བའི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བསྙེན་བཀུར་བྱེད་དེ། དེ་ཙམ་མམ། ཆུང་ཟད་ཙམ་མམ། ཆུང་ངུ་ཞིག་གམ། ངན་ངོན་ཙམ་ཞིག་གམ། གསོག་ཙམ་ཞིག་གམ། ཐ་ན་ཀློག་གི་རྒྱུན་ཙམ་ཞིག་ཀྱང་སྣང་བར་བྱེད་དམ། ཐ་ན་ཐེམ་སྐས་ཀྱི་གཞི་གཅིག་སྣང་བར་བྱེད་ན་ཡང་། ཤཱ་རིའི་བུ་དེའི་རྣམ་པར་སྨིན་པ་ནི། ཉན་ཐོས་རྣམས་ཀྱིས་སམ། རང་སངས་རྒྱས་རྣམས་ཀྱིས་བསྟན་པར་མི་ནུས་སོ། །ཞེས་དང་། ཤཱ་རིའི་བུ་མར་མེ་དེ་ཙམ་དུ་ཆུང་ངུ་ཕུལ་བའི་རྣམ་པར་སྨིན་པ་ཡང་དཔག་ཏུ་མེད་ན། གང་གིས་དེ་བཞིན་གཤེགས་པ་ཡོངསས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་ཁྱད་པར་ཅན་བྱེད་དམ། བྱེད་དུ་འཇུག་སྟེ། སྤོས་སམ། མེ་ཏོག་འཕྲེང་ངམ། གདུགས་སམ། བ་དན་རྣམས་སམ། གང་ཡང་རུང་བའི་མར་མེ་འཕྲེང་བ་རྣམ་པ་མང་པོའི་མཆོད་པ་ཁྱད་པར་་ཅན་བྱེད་དམ། བྱེད་དུ་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། །ཤཱ་རིའི་བུ་གཞན་ཡང་ཆོས་འདི་བཞི་ནི་དད་པས་རྟོགས་པར་བྱ་ཡིན་ཏེ། བཞི་གང་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་ནི་དཔག་ཏུ་མེད་དོ་སྙམ་དུ་དད་པས་རྟོག་པར་བྱ་བ་དང་། དགེ་བའི་རྩ་བ་ཇི་ལྟར་ཆུང་ངུའི་རྣམ་པར་སྨིན་པ་ཡང་དཔག་ཏུ་མེད་པར་འགྱུར་བ་དད་པས་རྟོག་པར་བྱ་བ་དང་། དཀོན་མཆོག་གསུམ་ལ་དད་པའི་ལས་མངོན་པར་འདུ་བྱེད་པའི་རྣམ་པར་སྨིན་པ་གང་ཡིན་པ་དེ་སྟོན་པ་མཐོང་བ་ཉན་ཐོས་ཁྱེད་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་བསམ་པའམ། ཡོངས་སུ་བསམ་པར་མི་ནུས་ན། འཕགས་པའི་རིགས་ལ་མི་གནས་པ་གཞན་རྣམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་མངོན་སུམ་དུ་ཤེས་པའམ། ཁོང་དུ་ཆུད་པར་ནུས་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །ཞེས་དང་། དྲང་སྲོང་མཆོད་རྟེན་མར་མེ་ཕུལ་པས་ནི། དེ་ཡི་ལུས་ནི་རབ་ཏུ་འོད་གསལ་ཞིང་། །གཞན་གྱིས་མི་ཚུགས་དཔལ་དང་ལྡན་པ་དང་། །ལྷ་སྟོང་གི་ནི་གཙོ་བོར་དེ་འགྱུར་རོ། །ལྷ་ཡི་སྒྲ་དབྱངས་སྙན་ཅིང་ཡིད་འོང་ཐོས། །ཇི་ལྟར་ལྷ་གཞན་དེ་བཞིན་འདི་ཡང་མཆོག། དྲན་དང་བློ་མཆོག་དང་ནི་ལྡན་པ་དང་། །འཁོར་མཆོག་ཕུན་སུམ་ཚོགས་པའང་ཐོབ་པར་འགྱུར། །གང་དུ་ལྷ་བུ་ད་ནི་འགྲོ་བར་དེར། །དེ་འགྲོ་བ་ནི་ལྷ་ཀུན་འདོད་པར་བྱེད། །གང་གིས་དེ་ལུས་འདི་ལྟར་འོད་འབར་བ། །སྔོན་ཀྱི་ལས་ཀྱི་འབྲས་བུ་དེ་འདྲའོ། །སྐྱེད་མོས་ཚལ་གྱི་གཞི་ན་ཤིང་གི་མིང་། །ཟླ་མཆོག་ཅེས་བྱ་གཞལ་མེད་ཁང་གིས་བརྒྱན། །ཟླ་བ་ཇི་ལྟར་ཀུན་ནས་གསལ་བ་ལྟར། །དེ་ཡི་ཤིང་རྣམས་དེ་བཞིན་གསལ་བ་ཡིན། །མར་མེ་རབ་འབར་འཇིག་རྟེན་རྣམས་གསལ་ལ། །ཡིད་འོང་དྲི་ངད་ཕྱོགས་རྣམས་གཏོང་བྱེད་པ། །མེ་ཏོག་གསལ་བ་འདི་ནི་མིང་ཅི་ཞེས། །ལྷ་རྣམས་ངོ་མཚར་སྟོང་སྙེད་འཛིན་པརའགྱུར། །དེ་ཡི་འཁོར་ཚོགས་མེ་ཏོག་དེ་དག་གིས། །བརྒྱན་པ་བྱས་པས་དེ་དག་མཛེས་པར་འགྱུར། །བྱེ་བ་ཁྲག་ཁྲིག་ལྷ་ཡི་ནང་ན་དེ་། །ཉི་མ་ཤར་བ་བཞིན་དུ་རྣམ་པར་མཛེས། །ཞེས་དང་། རྡོ་རྗེ་ཨ་ར་ལིའི་རྒྱུད་ཀྱི་ལེའུ་དགུ་པ་ལས། །གང་ཞིག་གླུ་ཡིས་་མཆོད་བྱེད་ན། །དེ་ནི་རྟག་ཏུ་སྒྲ་སྙན་འགྱུར། །གང་ཕྱིར་གང་ཞིག་མར་མེ་འབུལ། །དེ་ནི་མིག་དང་ལྡན་པར་འགྱུར། །གང་ཞིག་གར་གྱི་མཆོད་བྱེད་པ། །དེ་ནི་རིག་འཛིན་ཆེན་པོར་འགྱུར། །གང་ཞིག་ཕྱག་འཚལ་བྱེད་པ་ནི། །དེ་ལ་སྐྱེ་བོ་ཕྱག་འཚལ་འགྱུར། །གང་ཞིག་དྲི་ཞིམ་འབུལ་བ་ནི། །ལུས་ནི་དྲི་ཞིམ་ལྡན་པར་འགྱུར། །གང་ཞིག་ཕྲེང་བ་བཟང་འབུལ་བ། །དེ་ནི་གསེར་གྱི་ཕྲེང་ལྡན་འགྱུར། །གང་ཞིག་གོས་ནི་འབུལ་བ་ནི། །དེ་ནི་ལྷ་ཡི་གོས་རྙེད་འགྱུར། །གང་ཞིག་མཚན་ཙམ་འདོན་པ་དང་། །དད་པ་ཙམ་ཡང་རབ་བྱེད་པ། །ལྷག་པར་མོས་པ་རབ་ཏུ་བྱེད། །དེ་དག་ཐམས་ཅད་རྣམ་དག་པའི། །སྲིད་པའི་ལོངས་སྤྱོད་རབ་ཏུ་བཟུང་། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། །སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། སངས་རྒྱས་ཞིང་ནི་འཛམ་ཀླུང་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོངས་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་རྒྱལ་བ་དམ་པ་བྱུང་གྱུར་ན། །དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར། །ཉེ་དུར་འགྱུར་རམ་ཡང་ན་བུར་ཡང་འགྱུར། །དེ་ནི་ཡེ་ཤེས་ཕུང་པོ་མྱུར་དུ་ཐོབ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་བྱུར་བུར་གང་འགྱུར་བ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །སངས་རྒྱས་དམ་པ་མཚུངས་མེད་སྤྱིན་པའི་གནས། །སྤྱོད་པ་མཆོག་སྤྱོད་ཁྱད་པར་བརྙེས་གྱུར་པ། །མི་མཆོག་དེ་ལ་མཆོད་པ་འདིར་བྱས་པ། །རྣམ་པར་སྨིན་པ་དམ་པ་གཞལ་ཡས་འགྱུར། །གལ་ཏེ་མི་འབྱེད་འཇིག་རྟེན་ཁམས་འདི་ཀུན། །ནོར་བུ་རིན་ཆེན་བཻ་ཌཱུརྱས་གང་བ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཀར་ཤ་པ་ནིས་མི་མཇེད་འཇིག་རྟེན་ན་ཁམས། །འོག་ནས་སྲིད་པའི་རྩེ་མོའི་བར་གང་བ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །སངས་རྒྱས་ཞིང་སྟོང་དེ་དག་ཙན་དན་གྱིས། །འོག་ནས་སྲིད་པའི་རྩེ་མོ་བར་གང་བ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཚངས་པའི་འཇིག་རྟེན་ཡོད་པའི་ལྷ་རིས་ཀྱི། །གོས་ཀྱི་སངས་རྒྱས་ཞིང་སྟོང་གང་གྱུར་པ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཀླུ་དང་ལྷ་མིན་མི་དང་ལྟོ་འཕྱེ་ཆེ། །ལྷ་ཡི་ལྷ་རྫས་ནོར་བུ་རིན་ཆེན་མང་། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ལྷ་ཡི་འཇིག་རྟེན་ཡོད་པའི་ལྷ་ཡི་སྤོས། །དེ་དག་མི་མཇེད་འདི་ཀུན་གང་གྱུར་པ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཕྱོགས་དང་ཕྱོགས་མཚམས་ཚད་ནི་ཤེས་པར་ནུས། །ནམ་མཁའི་ཁམས་འདིའི་ཚད་ཀྱང་ཤེས་པར་ནུས། །སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་བའི། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །ཞེས་དང་། གསལ་རྒྱལ་གྱི་མདོ་ལས། ཤིན་ཏུ་དྲི་མེད་ཟླ་བ་ཉ་འདྲ་བའི། །མེ་ལོང་སྡུག་གུ་ཐམས་ཅད་མཁྱེན་ལ་འབུལ། །དེ་དག་ཚེ་རབས་བརྒྱུད་པ་རྣམས་སུ་ཡང་། །ལྷ་མི་རྣམས་ཀྱིས་བལྟ་བར་འོས་པར་འགྱུར། །ཞེས་དང་། དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་
པོའི་ཁ་བྱེ་འདྲ་བའི་མིག། གསལ་ཞིང་སྡུག་ལ་མིག་གི་དཀྱུས་རིང་མཛེས། །དྲི་མ་མེད་པའི་ལྷ་ཡི་མིག་དང་ལྡན། །སུ་དག་མཆོད་རྟེན་མར་མེ་དངར་བ་འབུལ། །དེ་དག་མིག་ཏུ་སྡུག་ཅིང་མཛོད་རབ་རྒྱས། །མིག་གི་དཀྱུས་རིང་མཐོན་ཀའི་མདོག་དང་ལྡན། །སྐྱེས་པ་བུད་མེད་དག་གིས་བལྟ་བའི་འོས། །མཚན་མོ་ཐུབ་ཆེན་སྤྱན་སྔར་ཐལ་སྦྱར་འཁོད། །འབྱོར་དང་མཚན་མ་མར་མེ་སྡོང་བུ་འབུལ། །དེ་དག་སྲིད་པ་གཞན་དུ་འབྲས་བུར་ལྡན། །རིན་ཆེན་རགས་པའི་འོད་ལྡན་ལུས་ཀྱང་འཐོབ། །རྒྱལ་ལ་ཕུལ་བའི་མར་མེ་འཆི་བ་ནི། །དགའ་བའི་སེམས་ཀྱིས་འདིར་ནི་དགའ་བཞིན་དུ། །སྙིང་པོ་སྐུལ་བར་བྱེད་པ་དེ་དག་ནི། །སྤྱན་ལྔ་དག་ཀྱང་ངེས་པར་འཐོབ་པར་འགྱུར། །མི་རྣམས་གང་དག་དགེ་བའི་སེམས་ལྡན་པས། །རྒྱལ་བའི་མཆོད་པ་གཞན་གྱིས་བྱས་པ་ལ། །རྗེས་སུ་ཡི་རང་དོན་དེ་མ་བྱས་ཀྱང་། །མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར། །ཞེས་དང་། མཆོད་རྟེན་བསྐོར་བ་ལས། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མར་མེ་འབུལ་བྱེད་པ། །འཛམ་བུའི་ཆུ་ཀླུང་གསེར་སྲང་བྱེ་བ་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། ཕ་ཁོལ་གྱི་ཟ་མ་ཏོག་ལས། ཀྲི་ན་ས་རི་ལྟར་མཛེས་གཟུགས། །སྟོབས་ལྡན་འཇམ་ཞིང་ཤིན་ཏུ་སྣུམ། །དགུན་དུས་བསྲོ་ཁང་གོས་བཟང་བགོས། །ཡིད་འོང་མཛེས་མ་ལ་འཁྱུད་ནས། །མི་དབང་གང་ཞིག་རྩེ་བྱེད་ཅིང་། །རོ་མཆོག་སྣ་ཚོགས་ལྡན་པ་ནི། །རིན་ཆེན་སྣོད་བླུགས་འཐུང་བ་ནི། །དེ་དག་སྒྲོན་མ་ཕུལ་བ་ཡི། །ཤིན་ཏུ་འབྲས་བུ་མངོན་ཡིན་པར། །ཡང་དག་རྫོགས་སངས་རིན་ཆེན་གསུང། །འབར་ཞིང་མེ་ལྕེ་རྒྱས་དང་ལྡན། །ཁང་པའི་ནང་དུ་མེ་འབར་གསལ། །དགུན་དུས་གྲང་བ་སེལ་བྱེད་པའི། །སྣང་བ་ཐུབ་པའི་དབང་པོ་ནི། །མཆོག་ཏུ་གྱུར་ལ་ཕུལ་བ་ཡིས། །ལྷ་དང་མིའི་འཇིག་རྟེན་ན། །གསལ་ཞིང་རབ་ཏུ་འབར་འགྱུར་དང་། །དྲི་ཟ་ལྷ་མིན་མི་འམ་ཅི། །བྱད་བཞིན་མཛེས་དང་ལྷན་གཅིག་ཏུ། །སྟོན་ཟླ་དང་འདྲ་རབ་མཛེས་པ་། །སྡུག་པ་པང་པར་འཁྱུད་ནས་ནི། །ལུས་ནི་ཡིད་དུ་འོང་བ་དང་། །མཐོ་རིས་སུ་ནི་སྤྱོད་བྱེད་པ། །དེ་དག་གང་ཚེ་འཕགས་ཚོགས་ལ། །སྣང་བ་དང་བས་ཕུལ་བ་ཡིན། །རྐུན་མ་ལས་རྒྱལ་བཞོན་པར་ལྡན། །ས་རྣམས་མ་ལུས་རྗེས་སུ་སྐྱོང་། །བྱད་བཟང་གསེར་གྱིས་ཡན་ལག་བརྒྱན། །དེ་དག་གིས་ནི་སྣང་བ་རྣམས། །ཕུལ་བའི་འབྲས་བུ་འདི་དག་ཡིན། །རི་རྣམས་ཀྱིས་ནི་བསྒྲིབ་པ་དང་། །མཆོག་ཏུ་རིང་ན་གནས་པ་དང་། །ཤིན་ཏུ་ཕྲ་བའི་དངོས་པོ་དང་། །མཚན་མོ་སྨག་གི་བསྒྲིབ་པ་དག། གང་ཚེ་ལག་མཐིལ་གནས་པ་ལྟོས། །དགེ་སློང་མ་འགག་པ་ཡི་མཐོང་། །དེ་ནི་བདེ་བར་གཤེགས་པ་ལ། །ཞུགས་མར་ཕུལ་བའི་འབྲས་བུ་ཡིན། །སྤྱན་གྱིས་དངོས་ཀུན་གཟིགས་པའི་ཕྱིར། །བདེ་གཤེགས་མར་མེ་ཕུལ་བ་ཡིས། །སངས་རྒྱས་ཉིད་ནི་མཉེས་ཞེས་གྲགས། །ཕུལ་བའི་བཅོམ་ལྡན་གང་ཞེ་ན། །ཐུབ་དབང་དྲི་མེད་སྤྱན་ལ་ཕུལ། །རིང་དང་ཕྲ་དང་བསྒྲིབས་པ་དང་། །དཔག་ཚད་ཀྱིས་ཆོད་མཐོང་ལ་ལྟོས། །རྒྱལ་ལ་ཞུགས་མར་ཕུལ་བ་ཡི། །དེ་འབྲས་ཡིན་པར་ཐུབ་པས་གསུངས། །ས་བདག་རྒྱལ་པོ་གང་ཡིན་ལ། །ཟླ་བ་ལྟ་བུའི་གཟུགས་ལྡན་པ། །ཨུཏྤལ་ལྟ་བུར་མིག་དཀྱུས་རིང་། །གང་ཞིག་ལྷ་ཡི་འཇིག་རྟེན་ན། །གསེར་མདོག་འོད་ཀྱི་སྣང་བ་ལྟར། །རང་གི་འོད་ཀྱིས་སྣང་བྱེད་པའི། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི། །ནོར་བུ་བརྒྱ་ཕྲག་འོད་ཟེར་གྱིས། །ས་རྣམས་རྒྱུ་ཞིང་སྣང་བྱེད་པ། །དེ་དག་ཤཱཀྱ་སེང་གེ་ལ། །གུས་པར་མར་མེ་ཕུལ་བ་ཡི། །རྒྱ་ཆེར་འཕེར་བར་གྱུར་པ་ཡིན། །ལྷ་གང་འཇིག་རྟེན་གསལ་བྱེད་ཅིང་། །ཨུཏྤལ་ལྟ་བུའི་མིག་ལྡན་ལ། །སྨིན་མ་ལེགས་ཤིང་གསེར་མདོག་ལྡན། །མིག་སྟོང་དང་ནི་ལྡན་པ་ཡི། །བརྒྱ་བྱིན་ལྷ་ཡི་བདག་པོ་ཉིད། །ལྷ་ཡི་སྟན་ལ་འདུག་པ་དང་། །གང་ཞིག་འདོད་བྲལ་ཚངས་པ་ནི། །འོད་གསལ་ལྷ་མཆོག་ཕྱག་བྱེད་ཅིང་། །ལྷ་ཡི་ཤིང་རྟ་གཡོ་བྱེད་པ། །སྟོན་པ་ཡི་ནི་རིང་བསྲེལ་ལ། །མར་མེ་འཕྲེང་བ་མིས་ཕུལ་བས། །འབྲས་བུ་རྒྱ་ཆེར་གྱུར་པ་ཡིན། །ཞེས་སོ། །