དྲི་ཆབ།
ཡོན་ཆབ་ཕུལ་བའི་ཕན་ཡོན་ཀྱང་།
འདི་ལྟེ། གཡོ་ཞིང་ཨུཏྤལ་གྱིས་བསྒོས་པ། །དྲི་མེད་པདྨ་རྭ་ག་བཞིན། །ཡིད་འོང་གསེར་གྱི་སྣོད་དུ་བླུགས། །དྲི་ཞིམ་ཙན་དན་གྱིས་བསྒོས་མངར། །ཡིད་དུ་འོང་དང་བདའ་ཞིང་ཐུང་། །ཅུང་ཟད་མིག་ནི་ཟངས་མདོག་འདྲ། །གླུ་ལེན་སྒྲ་དང་ངེས་ལྡན་པའི། །
མི་མཆོག་དེ་དག་སྐོམ་རྣམས་ནི། །སྦྱིན་པ་སྦྱིན་པའི་འབྲས་བུ་ཡིན། །ཨིན་དྲ་ནཱི་ལ་བཻ་ཌཱུརྱ། །རིན་ཆེན་མཆོག་རྣམས་ཀྱིས་སྤྲས་པའི། །གསེར་གྱི་སྣོད་ནི་གང་ཡིན་པར། །ལྷ་གང་ལྷ་ཡི་བུ་མོ་ནི། །བྲང་གི་དཀྱིལ་ན་ནུ་མ་ནི། །བུམ་པ་ལྟ་བུའི་འབུར་ལྡན་པའི། །རབ་མཛེས་གཅུགས་དང་ལྷན་ཅིག་ཏུ། །སྤྲང་རྩི་ལྟར་མངར་བཏུང་འཐུང་བ། །ཡོན་ཏན་ལྡན་པའི་ཚོགས་ལ་ནི། །བཏུང་བ་ཡིད་འོང་བྱིན་པ་ཡི། །འབྲས་བུ་ཡིན་པར་མཁས་རྣམས་གསུང་། །གང་ཞིག་ཁ་དོག་དྲི་ཞིམ་སོགས། །ཚོགས་ལྡན་སྐོམ་པའི་གདུང་བ་སེལ། །བད་ཀན་རླུང་དྲག་རབ་ཞི་བྱེད། །ཁ་ར་པི་པི་ལིང་བསྲེས་ཚོར། །ཙན་དན་ལྟ་བུར་ཚ་བ་སེལ། །ཟླ་བའི་འོད་ཟེར་དང་ལྡན་པའི། །སྣོད་དུ་བླུགས་ནས་དེ་དག་གིས། །གུས་པར་དགེ་འདུན་ལ་ཕུལ་བས། །ཕ་རོལ་གྱི་ནི་སྐྱེ་གནས་སུ། །ལྷ་ཡི་བཏུང་བ་ཐོབ་པར་འགྱུར། །མངར་ཞིང་མངར་མཆོག་གུས་པ་ཡི། །བཏུང་བ་ཚོགས་མཆོག་ལ་ཕུལ་བས། །ལྷ་དང་མི་ཡི་གནས་རྣམས་སུ། །ལྷ་ཡི་བུ་མོ་མཆོག་རྣམས་དང་། །ཡུན་རིང་བཏུང་བ་ལྷན་གཅིག་འཐུང་། །གང་ཞིག་ས་གནས་མི་རྣམས་ཀྱིས། །དངས་བའི་དད་པའི་ཡིད་ཀྱིས་ནི། །དགེ་འདུན་ལ་ནི་བཏུང་བ་མཆོག །དུས་ལ་བབས་པར་དྲངས་པ་ཡིས། །འཁོར་བའི་རི་ཁྲོད་གནས་པ་ན། །རྟག་ཏུ་བཏུང་བའང་ཞིམ་བཟང་འཐོབ། །ཅེས་སོ། །