བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

གདུགས་དང་རྒྱལ་མཚན།

རྒྱལ་མཚན་ཕུལ་བའི་ཕན་ཡོན་ནི། 

 

   དཀོན་མཆོག་ཏ་ལ་ལས། རྒྱལ་མཚན་བ་དན་གདུག་མཆོག་སྣ་ཚོགས་དང་། །སིལ་སྙན་སྒྲགས་ཤིང་སྦོས་ཀྱིས་བདུགས་པ་ཡི། །ཕོ་བྲང་དམ་པ་མཛེས་བྱས་མེ་ཏོག་བཀྲམ། །སིལ་སྙན་དག་གིས་རྒྱལ་བ་རྣམས་བསུ་ཞིང་། །མེ་ཏོག་བདུག་པ་བདུག་སྤོས་ཕྱེ་མ་དང་། །རྒྱལ་མཚན་བ་དན་གདུག་མཆོག་རྣམས་ཀྱིས་མཆོད། །དེས་ན་སྣ་ཚོགས་བཀོད་པ་གྲུབ་པར་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ། །རིང་པོར་མི་ཐོག་ནོར་མང་རྙེད་པར་འགྱུར། །ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་འོང་། །སེམས་ཆུང་མི་འགྱུར་དམན་པའི་སེམས་མི་འགྱུར། །ལོངས་སྤྱོད་རྙེད་ནས་བགོད་ཅིང་བདག་ཀྱང་སྤྱོད། །དེ་ནི་འཇིག་མེད་ཡིད་མི་བདེ་བ་མེད། །རྒྱལ་པོ་དགའ་ནས་གྲོང་དང་ཡུལ་འཁོར་བགོད། །དེ་ལ་སེམས་ཅན་སུ་ཡང་སྡིག་མི་འགྱུར། གཙོ་བོ་ཁྱད་པར་འཕགས་པ་མཛོད་མང་ཞིང་། །ཁྱིམ་བདག་རིན་ཆེན་སྣ་ཚོགས་ལུས་བརྒྱན་འགྱུར། །རྒྱལ་པོའི་བུའམ་དེ་བཞིན་བློན་པོར་འོང་། །རྒྱལ་པོར་གྱུར་ན་སྟོབས་ལྡན་རྫི་བ་མེད། །བརྙས་པའི་རིགས་དམའ་ཐམས་ཅད་ཡོངས་སུ་སྤོང་། །ལོངས་སྤྱོད་ཁྱད་འཕགས་རིགས་མཆོག་རྙེད་ནས་ནི། །རྟག་ཏུ་བག་ཡོད་སེམས་ནི་ཞུམ་མི་འགྱུར། །འདོད་པ་རྣམས་ནི་ངན་སྐྱུག་ཁུང་ལྟར་སྤོང་། །ཁྱད་འཕགས་གཟུགས་དང་མཚན་རྣམས་རབ་ཏུ་ཐོབ། །ཁྱད་འཕགས་རིགས་དང་དེ་བཞིན་དབང་ཕྱུག་ཉིད། །དེ་ཡི་གཡོག་འཁོར་རྟག་ཏུ་མི་ཕྱེད་འགྱུར། །སྐྱེ་བོ་མང་པོས་མདུན་དུ་བདར་བར་འོང་། དེ་ནི་གཞན་ལ་གནོད་པའི་སེམས་མི་སྐྱེད། །སེམས་ནི་རབ་དང་རྟག་ཏུ་བག་ཡོད་ལྡན། །དེ་ལ་མེ་དང་དུག་དང་མཚོན་མི་ཚུགས། །སྐྱེ་བོ་ཚོགས་ཆེན་གྱིས་ནི་བལྟ་བར་འགྱུར། །རབ་ཏུ་དགའ་ཞིང་ཐུབ་པའི་ཆོས་ལ་སྤྱོད། ཤེས་བཞིན་ལྡན་ནས་ཡིད་བདེ་སྐྱེད་པར་བྱེད། །འཛིན་པ་མེད་ཅིང་ཆགས་མེད་སེམས་དང་ལྡན། །ཆགས་མེད་གྱུར་ནས་དེ་ལ་མི་མཐུན་མེད། །དེ་ཡི་ལུས་གཙང་ཀུན་ནས་ཉོན་མོངས་མེད། །རྣམ་དག་སེམས་ལྡན་དེ་ནི་བདེན་པར་སྨྲ། །འཇིགས་པས་ཉེན་པ་རྣམས་ལ་ཡིད་བདེ་སྐྱེད། །སེམས་ཅན་རྣམས་ཀྱི་སྐྱབས་དང་དཔུང་གཉེན་འགྱུར། །དེ་ནི་བདག་དོན་རྒྱ་ཆེན་བྱས་ནས་སུ། །གཞན་ཡང་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །ཤིང་དབང་ཤིང་མཆོག་དམ་པ་དྲུང་སོང་ནས། །མཚུངས་མེད་མཆོག་ཞི་བྱང་ཆུབ་འཚང་ཡང་རྒྱ། །ཞེས་དང་། མཆོད་རྟེན་སྐོར་བ་ལས། མཁས་པ་གང་གི་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་རྒྱལ་མཚན་འཕན་གདུགས་ཐོགས། །གསེར་གྱི་རི་བོ་ལྷུན་པོ་ཚད་འབུམ་ཡང་། །དེ་ནི་དེ་དང་མཚུངས་པ་ཡོང་མ་ཡིན། །འདི་ནི་དཔག་མེད་དེ་བཞིན་གཤེགས། །རྒྱ་མཚོ་འདྲ་བའི་རྫོགས་སངས་རྒྱས། །དེད་དཔོན་བླ་ན་མེད་པ་ལ། །ཕུལ་བའི་ཕན་ཡོན་བསྟན་པ་ཡིན། །བཞུགས་པའི་ཚེ་ན་གང་གིས་མཆོད། །མྱ་ངན་འདས་འོག་གང་གིས་མཆོད། །སེམས་དགེ་བ་ནི་མཚུངས་གྱུར་ན། །བསོད་ནམས་ལ་ནི་ཁྱད་པར་མེད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་རྣམས་ཀྱིས། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་སོ། །

 

 ན་བཟའ་ཕུལ་བའི་ཕན་ཡོན་ནི།

 

   མཆོད་རྟེན་གྱི་ཕན་ཡོན་བསྟན་པ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་ཕུལ་བའི་ཕན་ཡོན་བཅུ་གཉིས་ཡོད་དེ། བཅུ་གཉིས་གང་ཞེ་ན། མཛེས་ཤིང་བལྟ་ན་སྡུག་པར་འགྱུར་བ་དང་། ལྤགས་པ་འཇམ་པ་དང་། ལྤགས་པ་སྣུམ་པ་དང་། ལྤགས་པ་སྲབ་པ་དང་། དེའི་ལུས་ལ་རྡུལ་དང་དྲི་མ་མི་ཆགས་པ་དང་། དེའི་གོས་བཟང་པོར་འགྱུར་བ་དང་། གདིང་བ་དང་བགོ་བ་ཕྲ་མོ་རྙེད་པར་འགྱུར་བ་དང་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་། མཐོང་ན་དགའ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་གཉིས་པོ་དེ་དག་ནི་དེ་བཞིན་གཤེགས་མཆོད་རྟེན་ལ་ན་བཟའ་ཕུལ་བའི་ཕན་ཡོན་ནོ། །

   སྤྱན་རས་གཟིགས་ཀྱི་མདོ་ལས། སུ་ཞིག་དགའ་མགུ་སེམས་ཀྱི་གོས་ཀྱིས་ནི། །བཅོམ་ལྡན་མཆོད་རྟེན་རྣམས་ལ་མཆོད་བྱས་པ། །དེ་ནི་གོས་མཛེས་བྱེ་བ་སྟོང་རྣམས་དང་། །ཁྲག་ཁྲིག་བརྒྱ་བགྲངས་མཐའ་ཡས་རྟག་ཏུ་རྙེད། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན། །དེ་ནི་བཙས་མ་ཐག་ཏུ་གོས་མཆོག་ཐོབ། །ལྷ་ཡི་ཁྱད་འཕགས་དར་གོས་རབ་བཟང་རྙེད། །བཙས་མ་ཐག་ཏུ་དེ་ལུས་ཤིན་ཏུ་བདེ། །གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་། །འདྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ། །དེ་འདིར་མཚུངས་པ་མེད་པའི་ལུས་ཐོབ་སྟེ། །སུམ་བཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན། །ལག་མཐིལ་ནས་ནི་མུ་ཏིག་ཕྲེང་མཛེས་པ། །སྣ་ཚོགས་དག་དང་སེང་གེའི་ཕྲེང་པ་དང་། །གསེར་སྐུད་རབ་མཛེས་བསྐལ་པ་མཐའ་ཡས་བྱུང་། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན། །ལྷ་འམ་ཀླུ་འམ་མི་འམ་ལྟོ་འཕྱེ་ཆེ། །སུ་ཡང་དེ་ལ་མ་དད་སྐྱེད་མི་བྱེད། །རྟག་ཏུ་ཚངས་པར་སྤྱོད་པ་མཆོག་འདི་སྤྱོད། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིག་བྱས་ན། །སྟོང་གི་འཇིག་རྟེན་ཁམས་ཀུན་ཟིལ་གནོན་དེ། །འཛམ་ཀླུང་གསེར་གྱི་གསེར་ནི་ཟིལ་མནན་ཞིང་། །སྐྱེ་དགུ་དོན་ནི་དཔག་ཏུ་མེད་པ་བྱེད། །གལ་ཏེ་རིན་ཆེན་རབ་མཆོག་སྣ་བདུན་གྱིས། །སྟོང་གི་ཞིང་ཀུན་རབ་ཏུ་བཀང་བ་ཡི། །དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི། །རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན། །ནོར་བུ་རིན་ཆེན་ཟླ་བའི་འོད་རྣམས་ཀྱི། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞིང་བཀང་བ། །དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི། །རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན། །