བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

ལྕགས་རི།

ད་ལྟའི་གནས་གཞི།: གཙོ་ངོས། > གཟུངས་བཞུགས། > ལྕགས་རི།

ཕྱིའི་ལྕགས་རི།

རི་རབ་གླིང་བཞི་བཅས་ལ་ཕྱིའི་ལྕགས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བ་བཞིན་དུ། གསེར་སྡོང་ཆེན་མོ་འདིའི་ཕྱི་ན་སྲ་ཤིང་བརྟན་པའི་ལྕགས་རི་ཞིག་གིས་ཡོངས་སུ་བསྐོར་ཡོད་པས་འདིའི་གསལ་བཤད་ཉུང་ཙམ་སྨོས་ན། དང་པོ་ལྕགས་རི་ཕྱི་མ་འདིའི་དབྱིབས་གྲུ་བཞི་རྒྱ་ཁྱོན་སྨི་བདུན་སྟོང་དྲུག་བརྒྱ་ང་དྲུག་ཡོད་མཐོ་ཚད་སྨི་གཉིས་ཡིན། འདིའི་སྟེང་དུ་མཆོད་རྟེན་བརྒྱ་དང་གྱ་དྲུག་ཡོད། མཐོ་ཚད་སྨི་༢རེ་དང་། ཐད་སྨི་གང་དང་ཕྱེད། ལྕགས་རིའི་ཕྱོགས་བཞིར་འཁོར་ཁང་ཆེན་པོ་བཞི་ཡོད། བཞི་པོ་རེ་རེ་བཞིན་སྟེང་དུ་ཟངས་གསེར་ལས་བྱས་པའི་རྒྱ་ཕིབས་ཐོག་བརྩེགས་གཉིས་རེ་ཡོད། དེ་རེ་རེའི་སྟེང་དུ་ཟངས་གསེར་ལས་བྱས་པའི་བཀའ་གདམ་མཆོད་རྟེན་སྨི་གང་དང་ཕྱེད་ཅན་རེ་རེ་བཞུགས། 

 

འཁོར་ཁང།

 

ཤར་ཐུགས་ཆེན་འཁོར་ཁང་ན། ཟངས་གསེར་ལས་བསྐྲུན་པའི་དུང་འཁོར་ཆེ་བ་གཅིག་ནང་དུ་ཐར་མདོ་ཚར་གཅིག་སྟོང་ཉིས་བརྒྱ་བཅུ་གསུམ་དང་། རིགས་སྔགས་གཟུངས་སྔགས་ཀུན་གྱི་སྙིང་པོ་ཡི་གེ་དྲུག་མ་སོགས་ཀྱིས་གཏམས་པ། དེའི་ནང་རི་མོར་ནུབ་ཕྱོགས་བདེ་བ་ཅན་ཀྱི་ཞིང་གི་བཀོད་པ་དང་སངས་རྒྱས་སྨན་བླའི་གཙོས་བདེ་གཤེགས་མཆེད་བརྒྱད། གཞན་ཡང་སྤྱན་རས་གཟིགས་ཕྱག་བཞི་པ་དང་། ཀུན་རིག་རྣམ་པར་སྣང་མཛད་བཅས་རྒྱས་པར་བྲིས་ཡོད། གནམ་ཡོལ་ལ་སྤྱན་གཟིགས་རྒྱལ་བ་རྒྱ་མཚོ་དང་། ཕྱག་སྟོང་སྤྱན་སྟོང་། འཇམ་དབྱངས་ཕྱག་རྡོར་བཅས་ཀྱི་དཀྱིལ་ཐང་བྲིས། ནང་གི་གྱང་རིས་ལ་ཆོས་སྐྱོང་མགོན་པོ་ཚོགས་བདག་དང་། གཟའ་མཆོག་རྒྱལ་པོ་ཞིང་སྐྱོང་སེང་གདོང་ཡབ་ཡུམ་བམ་རོ་ཕོ་མོ་བཅས་ཡིན། ཕྱིའི་རྩིགས་ངོས་སུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འབུར་དུ་དོད་ཅིང་གདན་ལས་བཞེང་པ་སྐུ་ཚད་སྨི་གསུམ་ཅན་བཅས་བཞུགས། ལྷོ་རུ་སིདྡྷིའི་འཁོར་ཁང་ནང་ཟངས་གསེར་ལས་བསྐྲུན་པའི་དུང་འཁོར་ཆེ་བ་གཅིག་ནང་དུ་ཐར་མདོ་ཚར་གཅིག་སྟོང་ཉིས་བརྒྱ་བཅུ་གསུམ་དང་། ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་དང་སིདྡྷི་སོགས་ཀྱིས་གཏམས་པ། ནང་གི་གྱང་རིས་གུ་རུ་མཚན་བརྒྱད་དང་མཁན་སློབ་ཆོས་གསུམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ། གཏེར་ཆེན་ཀློང་གསལ་སྙིང་པོ། བདུད་འདུལ་རྡོ་རྗེ་བཅས་ཀྱི་སྐུ་བརྙན་རྒྱས་པར་བྲིས། གནམ་ཡོལ་ན་མགོན་པོ་ཚེ་དཔག་མེད་དང་། སངས་རྒྱས་སྨན་བླ། འཇམ་དབྱངས་གསུམ་གྱི་དཀྱིལ་ཐང་བྲིས། སྒོ་ནང་གི་གྱང་རིས་རི་མོར་གནོད་སྦྱིན་ཙིའུ་དམར་པོ། གླིང་རྗེ་གེ་སར་རྒྱལ་པོ། རྒྱལ་ཆེན་རྣམ་ཐོས་སྲས། སྦྱིན་བདག་རྒྱ་ནག་ཧ་ཤང་བུ་འཁོར་དང་བཅས་པ་བྲིས་ཡོད། ཕྱིའི་རྩིགས་ངོས་སུ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འབུར་དུ་དོད་ཅིང་གདན་ལས་བཞེང་པ་སྐུ་ཚད་སྨི་གསུམ་ཅན་བཅས་བཞུགས། །ནུབ་དུ་རྗེ་བཙུན་སྒྲོལ་མའི་འཁོར་ཁང་ལ། ཟངས་གསེར་ལས་བསྐྲུན་པའི་དུང་འཁོར་ཆེ་བ་གཅིག ནང་དུ་ཐར་མདོ་ཚར་གཅིག་སྟོང་ཉིས་བརྒྱ་བཅུ་གསུམ་དང་། སྒྲོལ་མའི་མཚན་གཟུངས་སྣ་ཚོགས་ཀྱིས་གཏམས་པ། རི་མོར་སྒྲོལ་ལྗང་། འཇིགས་པ་བརྒྱད་སྐྱོབས། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། ལྷ་མོ་དབྱངས་ཅན་མ་དང་གཡང་གི་ལྷ་མོ་དཔལ་ཆེན་མོ་དང་གྲོགས་མོ་ལྷ་མོ་བརྒྱད་བཅས་རྒྱས་པར་བཀོད་པ་དང་། གནམ་ཡོལ་ལ། པདྨ་མཁའ་འགྲོ་རིག་བྱེད་དཔལ་མོའི་དཀྱིལ་ཐང་དང་། སྒྲོལ་མའི་དཀྱིལ་ཐང་དང་གདུགས་དཀར་མོ། གཙུག་ཏོར་རྣམ་པར་རྒྱལ་མ་སོགས་བྲིས་ཡོད། ནང་གི་གྱང་རིས་ལ་ཆོས་སྐྱོང་སྙིང་ཐིག་ཚེ་རིང་མ་དང་། སྔགས་སྲུང་ཨེ་ཀ་ཙ་ཏི། མ་གཅིག་དཔལ་ལྡན་ལྷ་མོ་སོགས་སྲུང་མ་མོ་རྒྱུད་ཀྱི་ལྷ་ཚོགས་རྣམས་དང་། ཕྱིའི་རྩིགས་ངོས་སུ་རྒྱལ་པོ་ཆེན་པོ་མིག་མི་བཟང་འབུར་དུ་དོད་ཅིང་གདན་ལས་བཞེང་པ། སྐུ་ཚད་སྨི་གསུམ་ཅན་བཅས་བཞུགས། བྱང་དུ་རྡོར་སེམས་འཁོར་ཁང་ནང་། ཟངས་གསེར་ལས་བསྐྲུན་པའི་དུང་འཁོར་ཆེ་བ་གཅིག ནང་དུ་ཐར་མདོ་གཅིག་སྟོང་ཉིས་བརྒྱ་བཅུ་གསུམ་དང་། སྡིག་སྒྲིབ་སྦྱང་བ་ལ་མཆོག་ཏུ་བསྔགས་པའི་ཡི་གེ་བརྒྱ་པ་དང་ས་ཏྭ་སོགས་གཟུངས་སྔགས་སྣ་ཚོགས་ཀྱིས་གཏམས་པ། དེའི་ནང་གི་རི་མོར་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་བཀོད་པ་རྒྱས་པར་བྲིས་ཡོད། གནམ་ཡོལ་ན་རྡོར་སེམས་རིགས་ལྔ་དང་། ཀུན་རིགས། མི་འཁྲུགས་པའི་དཀྱིལ་ཐང་སོགས་དཀྱིལ་འཁོར་སྣ་ཚོགས་བྲིས། ནང་གི་གྱང་རིས་ལ་ཆོས་སྐྱོང་ཡུལ་ལྷ་གཉན་ཆེན་ཐང་ལྷ། ཡུལ་བདག་ཟླ་སྙིང་རྡོ་རྗེ་དྲིལ་དཀར་ཨ་དཀར་ཟོ་དོར་སྤུན་གསུམ་རྣམས་བྲིས། ཕྱིའི་རྩིགས་ངོས་སུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འབུར་དུ་དོད་ཅིང་གདན་ལས་བཞེངས་པ། སྐུ་ཚད་སྨི་གསུམ་ཅན་བཅས་བཞུགས། ལྕགས་རི་ཕྱི་མ་ལ་སྒོ་ཆེན་གཉིས་ཡོད་པའི་ཤར་གྱི་སྒོ་ཆེན་ཐོག་ན་གསེར་གྱི་རྒྱ་ཕིབས་རྡོ་རྗེའི་ཕྱེད་པོའི་ཏོག་གིས་སྤྲས་པའི་སྒོ་ལོག་གཉིས་སུ་གསེར་གྱི་སེང་གེ་གཉིས་དང་སྒོ་ཟུར་ཀྱི་ཕྱོགས་བཞི་ན་ཟངས་གསེར་གྱིས་རྒྱལ་ཆེན་སྡེ་བཞི་སྨི་གཉིས་རེ་ཅན་ལ་གསེར་དངུལ་རིན་ཆེན་གྱིས་བརྒྱན་པའོ། །བྱང་གི་སྒོ་ཆེན་སྟེང་ན་གསེར་གྱི་རྒྱ་ཕིབས་ཆོས་འཁོར་རི་དྭགས་ཕོ་མོ་བཅས་ལ་གསེར་དངུལ་རིན་པོ་ཆེའི་ཕྲ་རྒྱན་བཅས་མཛེས་པར་བརྒྱན་པའོ། །གོང་གི་བྲིས་སྐུ་ཚང་མ་ལག་རྩལ་ཉམས་མྱོང་ཐིག་ཚད་སྤུས་ཀ་སོགས་ཀྱི་ཐད་ནས་ཕུལ་དུ་བྱུང་བའི་ལྷ་བཟོ་རྣམས་ཀྱིས་ཆབ་མདོ་ཕུར་བུའི་ཁྲིད་རྒྱུན་སྨན་གསར་གྱི་ལུགས་ལྟར་བྲིས་པ་ཡིན། གསེར་སྡོང་ཆེན་མོ་འདིའི་འཁོར་ན་སྤྱིར་མཆོད་རྟེན་ལྔ་བརྒྱ་ཞེ་བརྒྱད་བཞུགས་བང་རིམ་རྣམས་ཀྱི་ནང་དུ་སཙྪ་བྱེ་བ་མང་པོས་གཏམ་པའོ། །མཆོད་རྟེན་འདིའི་སྟེང་འོག་གི་ཀ་འགོ་རྣམས་སུ་སྟོན་པའི་སྐུ་བཞི་སྟོང་ཉི་ཤུ། བར་མཚམས་རྣམས་སུ་བསྐོར་ལམ་དང་སྐྱེད་ཚལ་སོགས་མཛེས་སྡུག་ལྡན་པའི་གླིང་ག་དང་ར་བ་ཆུང་ངུས་ལེགས་པར་བསྐོར་ཡོད། །