བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

མཆོད་རྟེན་དབྱིབས་ལ་པད་འབྱུང་སྐུ་འདྲས་བཀོད་པ།

   བུམ་པའི་བྲེའི་ཕྱོགས་བཞིར་ཡེ་ཤེས་ཀྱི་སྤྱན་གཉིས་རེ་ཡོད་བསྡོམས་པས་མཛེས་ཤིང་གསལ་བའི་སྤྱན་བརྒྱད་ཀྱིས་སྤྲས་པ་དེ་ཡང་ཟངས་གསེར་ལས་གྲུབ་པ་ཁོ་ན་ཡིན། །བུམ་པའི་དབུས་རྟེན་གྱི་གཙོ་བོ་རང་དགོན་གྱི་རྟེན་རྙིང་ཟུང་གཞུགས་རིང་བསྲེལ་རྣམ་བཞི་སོགས་དང་སྐུ་རྟེན་གཙོ་བོ་སྲིད་ན་རྙེད་པར་དཀའ་བའི་སྟོན་པ་ལི་མ་བཅུ། ཚེ་དཔག་མེད་ལི་མ་གསུམ། མར་མེ་མཛད་ལི་མ་གཅིག རྒྱ་ནག་གི་འོད་དཔག་མེད་ལི་མ་གཅིག སྤྱན་རས་གཟིགས་ལི་མ་གཅིག རྒྱལ་ཚབ་བྱམས་པ་ལི་མ་གཅིག འཇམ་དཔལ་ཆོས་འཁོར་མ་ལི་མ་གཅིག ཡང་ས་སྐྱའི་ཧོར་གདོང་ཐོག་དགོན་པའི་བྱམས་ཆེན་འཇའ་ཟུག་མའི་ཐུགས་རྟེན་གཙོ་བོ་འཇམ་དཔལ་ཆོས་འཁོར་མ། རྒྱ་གར་ལི་མ་རིན་ཐང་གཞལ་མེད་གཅིག གཡག་ཟེ་མཁན་པོ་བསོད་ནམས་རིན་ཆེན་གྱི་ཕྱག་ནས་གནང་བའི་རྒྱ་གར་གྲུབ་ཆེན་ཏེ་ལོ་པའི་སྐུ་ལི་མ་གཅིག ལི་གཏེར་གཟུང་འཇུག་གི་སྟོན་པ་རིང་བསྲེལ་རང་འཁྲུངས་མ་རིན་ཐང་གཞལ་མེད་གཅིག སྒྲོལ་སྐུ་ལི་མ་གཅིག རྒྱ་ནག་བུ་སྦྱིན་སྒྲོལ་སྐུ་ལི་མ་ངོ་མཚར་ཅན་གཅིག གཏེར་མའི་མི་འཁྲུགས་པའི་སྐུ་བྱིན་ལྡན། གུ་རུ་རིན་པོ་ཆེའི་སྐུ་གཏེར་མ། བསམ་ཡས་རྡོ་ར་གཅིག སྤྲུལ་རིན་པོ་ཆེ་དགེ་ལེགས་ཆོས་ཀྱི་ཉི་མའི་ཕྱག་ནས་གནང་བའི་རྒྱ་དྲིལ་ཆུ་ཐིག་མ་བཅས་དང་། སྤྲུལ་ཀུན་བཟང་ཉི་མའི་ཕྱག་ནས་གནང་བའི་བལ་ཡུལ་ལི་ཁྲ་སུམ་བཅུ་སོགས་བཞུགས། གཞན་རྣམས་འོག་ནས་འཆད་འགྱུར་ལྟར་རོ། །དེ་ནས་བུམ་པའི་ཕྱོགས་བཞི་ན་སྒོ་ཆེན་བཞི་ཡོད་ཤར་ཕྱོགས་ཀྱི་སྒོ་ཆེན་ནང་ཟངས་གསེར་ལས་བསྐྲུན་པའི་མ་འོངས་རྣམ་འདྲེན་རྒྱལ་ཚབ་བྱམས་པ་མགོན་པོ། རྒྱབ་ཡོལ་རྒྱན་དྲུག་ཁྲི་རྒྱན་དང་བཅས་ཤིན་ཏུ་སྤུས་ལེགས་སྐུ་ཚད་སྨི་དྲུག་ཅན་བཞུགས། བུམ་པའི་ལྷོ་སྒོར། ཟངས་གསེར་ལས་གྲུབ་པའི་སངས་རྒྱས་སྣང་བ་མཐའ་ཡས། སྐུ་ཚད་སྨི་དྲུག་ཅན། རྒྱབ་ཡོལ་རྒྱན་དྲུག་དང་བཅས་པ་བཞུགས། བུམ་པའི་ནུབ་སྒོར། གཙུག་ཏོར་རྣམ་པར་རྒྱལ་མའི་གསེར་སྐུ། ཚད་སྨི་དྲུག་རྒྱབ་ཡོལ་རྒྱན་དྲུག་དང་རིན་པོ་ཆེའི་ཕྲ་རྒྱན་གྱིས་སྤྲས་པ་ཅན་བཞུགས། བུམ་པའི་བྱང་སྒོར། ཟངས་གསེར་ལས་གྲུབ་པའི་གུ་དྲག་རྟ་ཁྱུང་སྐུ་ཚད་སྨི་དྲུག རྒྱབ་ཡོལ་རྒྱན་དྲུག་རིན་པོ་ཆེའི་ཕྲ་རྒྱན་གྱིས་སྤྲས་པ་བཅས་བཞུགས། དེ་ནས་བུམ་པའི་འོག་ཚད་མེད་རྣམ་བཞིའི་བང་རིམ་བཞི་དང་གདུང་ཆེན་རྣམས་ཀྱི་ནང་དུ་དྲྭ་མིག་བརྒྱ་དང་ཉེར་དྲུག་དྲྭ་མིག་རེ་རེའི་ནང་དུ་སངས་རྒྱས་སྐུ་བརྙན་རེ་རེ་བཞུགས། སྡོམ་པས་བརྒྱ་དང་ཉེར་དྲུག སྐུ་ཚད་སྨི་གང་ཅན་ཚང་མ་ཟངས་གསེར་ལས་བསྐྲུན་པ་ཁོ་ན་ཡིན། དེ་ནས་སེང་ཁྲིའི་ཕྱོགས་བཞིར་མཛེས་ཤིང་ལྟ་ན་སྡུག་པའི་གསེར་ཁང་སྤས་ལྡན་བཞི་ཡོད་པ་ལས་དང་པོ། ཤར་ཕྱོགས་སུ་སྟོན་པའི་ལྷ་ཁང་གི་རྟེན་གཙོ་བོ་ཆབ་མདོའི་མགར་སྐུ་ཟངས་གསེར་ལས་བསྐྲུན་པའི་ཇོ་བོ་ཤཱཀྱ་མུ་ནེ། སྐུ་ཚད་སྨི་བཞི་ཅན་གྱི་གཡས་སུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། གཡོན་དུ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་གཉིས་གདན་ལས་བཞེང་པ་གཉིས་ཀའང་སྐུ་རྒྱུ་རྒྱ་ནག་ལི་ཁྲ་ལས་བསྐྲུན་པ་བཅས་གཙོ་འཁོར་གསུམ་བཞུགས། མཆོད་པའི་ཡོ་བྱད་གསེར་ཀོང་ཆ་གཅིག་གསེར་ཀྱི་མཎྜལ་དངུལ་གྱི་བདུན་ཚར་རིན་པོ་ཆེས་བཀང་བ་བཀྲ་ཤིས་རྟགས་བརྒྱད་མེ་ཏོག་སྣ་ཚོགས་འཕན་རྒྱལ་མཚན་བཅས་མཆོད་རྫས་མ་ཚང་བ་མེད་པས་མཛེས་པར་བྱས་སོ། །ལྷོ་ཕྱོགས་སུ་ཨོ་རྒྱན་ལྷ་ཁང་གི་རྟེན་གཙོ་བོ་ཟངས་གསེར་ལས་བསྐྲུན་པའི་གུ་རུ་རིན་པོ་ཆེ་སྣང་སྲིད་ཟིལ་གནོན། སྐུ་ཚད་སྨི་བཞི་ཅན་གྱི་གཡས་སུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། གཡོན་དུ་ལྷ་ལྕམ་མནྡ་ར་བ་གཉིས་ཀྱི་མདུན་དུ་གཡང་ཊིའི་རྒྱ་ནག་ལུགས་ཀྱི་ཐུགས་རྗེ་ཆེན་པོ་སྨི་གང་ཅན་རྒྱན་ལྡན་ལི་ཁྲ་ལས་གྲུབ་པ་བཅས་གཙོ་འཁོར་བཞི་བཞུགས། ནུབ་ཕྱོགས་སུ་རྡོར་སེམས་ལྷ་ཁང་གི་རྟེན་གཙོ་བོ་ཟངས་གསེར་ལས་བསྐྲུན་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་ཚད་སྨི་བཞི་ཅན་གྱི་གཡས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། གཡོན་དུ་སྒྲིབ་པ་རྣམ་པར་སེལ་བ་གཉིས་གདན་ལས་བཞེངས་པ། སྐུ་རྒྱུ་རྒྱ་ནག་ལི་ཁྲ་ལས་བསྐྲུན་པ་བཅས་གཙོ་འཁོར་གསུམ་བཞུགས། བྱང་ཕྱོགས་སུ་སྤྱན་གཟིགས་ལྷ་ཁང་གི་རྟེན་གཙོ་བོ། ཟངས་གསེར་ལས་བསྐྲུན་པའི་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཕྱག་བཞི་པ། སྐུ་ཚད་སྨི་བཞི་ཅན། དེའི་གཡས་སུ་མཁྱེན་རབ་འཕགས་པ་འཇམ་དཔལ་དབྱངས་དང་། གཡོན་དུ་ཕྱག་ན་རྡོ་རྗེ་གཉིས་གདན་ལས་བཞེངས་པ། སྐུ་རྒྱུ་རྒྱ་ནག་ལི་ཁྲ་ལས་བསྐྲུན་པ་བཅས་འཕགས་པ་རིགས་གསུམ་མགོན་པོའི་ལྷ་གཙོ་འཁོར་གསུམ་བཞུགས། གཞན་ཡང་ལྷ་ཁང་བཞི་པོའི་ནང་གི་ཕྱོགས་སོ་སོ་ན་གསེར་དངུལ་གྱི་མནྜལ་དང་མེ་ཏོག་སྣ་ཚོགས། བདུན་ཚར་དང་གསེར་ཀོང་། དངུལ་གྱི་ལྷ་བཤོས་སོགས་མཆོད་རྗས་སྣ་ཚོགས་ཀྱི་བཀོད་པ་དང་། མཆོད་ལྷ་དང་མཆོད་ཕྲེང་སྣ་ཚོགས་སོགས་རྒྱན་གྱི་ཁྱད་པར་མ་ཚང་པ་མེད་པས་མཛེས་པར་སྤྲས་སོ། །དེ་ནས་ས་འཛིན་ཐོག་མའི་ཐད་ནས་བཟུང་རི་རབ་ལྷུན་པོ་ལ་གསེར་གྱི་རི་ཕྲན་གྱི་བསྐོར་བ་བཞིན་བང་རིམ་མཐོ་དམན་གསུམ་ཡོད་པ་ལས། དང་པོའི་སྟེང་རྡོ་ཀ་མ་རུ་པའི་ར་བས་བསྐོར་ཞིང་ར་བའི་སྟེང་ཟངས་གསེར་ལས་བསྐྲུན་པའི་བཀའ་གདམ་མཆོད་རྟེན་བརྒྱ་དང་དོན་བརྒྱད། ཚད་ཁྲུ་གང་རེ་ཅན། དེའི་འོག་གི་བང་རིམ་གཉིས་པ་ན་ཟངས་གསེར་ལས་གྲུབ་པའི་འཁོར་ལོ་བརྒྱ་དང་ཞེ་བཞི་ཡོད། དེའི་སྟེང་དུ་གཟུངས་སྔགས་ཡི་གེ་དྲུག་མ་འབུམ་བདུན་དང་ཁྲི་གསུམ་རྣམས་བཞུགས་པའི་འཁོར་ཆུང་བརྒྱ་དང་ཞེ་བཞི་ཡོད། གཞན་ཡང་དབང་སྡུད་གསོལ་འདེབས་ཀྱི་འཁོར་འབྲང་བརྒྱད་ཡོད། འཁོར་ལོའི་རྒྱབ་ཕྱོགས་ཀྱི་གྱང་རིས་ལ་སོག་པོའི་རྡོ་ནག་གི་ངོས་ལ་མདོ་སྡུད་པ་ཚར་གཉིས་གསེར་གྱིས་བྱུག་ཅིང་འབུར་དུ་དོད་པ། དེའི་འོག་བང་རིམ་གསུམ་པའི་སྟེང་མཆོད་རྟེན་བརྒྱ་དང་ཞེ་དྲུག་ཅན་ཐད་སྨི་གང་རེ། མཐོ་ཚད་སྨི་གང་དང་ཕྱེད། གདོང་བཞི་ན་མཆོད་རྟེན་འབྲིང་ཚད་བཞི་ཡོད། མཐོ་ཚད་སྨི་བཞི་རེ། ཐད་སྨི་གསུམ་ཅན་ཉི་ཟླ་ཆོས་འཁོར་བུམ་སྒོ་རྣམས་ཟངས་ལས་གྲུབ་པ་ལ་གཞན་རྣམས་ཨར་འདམ་བླུག་པ་ཡིན།