རིང་བསྲེལ་དང་བཅས་པའི་གཟུངས་བཞུགས་ཕྱོགས་བསྡུས།
རིང་བསྲེལ།
དཔུང་བཟང་ལས། བདེ་གཤེགས་མཆོད་རྟེན་རིང་བསྲེལ་སྙིང་པོ་ཅན། །སྡིག་པ་སྦྱོང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་གཟུགས་དང་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་འབུལ། །ཞེས་གསུངས་པ་ནང་བཞིན་དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་རྟེན་གང་ཡིན་ཀྱང་རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པས། རིང་བསྲེལ་དེ་གང་ལ་ངོས་འཛིན་བྱེད་ཅེ་ན། བྱང་ཆུབ་རྒྱན་འབུམ་ལས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཆ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རིང་བསྲེལ་དང་།
རུས་པའི་རིང་བསྲེལ། ཤའི་རིང་བསྲེལ། ཉུང་འབྲུ་ལྟ་བུའི་རིང་བསྲེལ་ཅེས་གསུངས་པ་དང་། རྗེ་བཙུན་རིན་པོ་ཆེའི་དོན་གསལ་ལས། སྤྱིར་རིང་བསྲེལ་ནི་བཞི་སྟེ། སྐུ་གདུང་གི་རིང་བསྲེལ་དང་། སྐུ་གདུང་ཉུང་འབྲུ་ལྟ་བུའི་རིང་བསྲེལ་དང་། དབུ་སྐྲ་དང་སེན་མོ་ལ་སྐུ་བལ་གྱི་རིང་བསྲེལ་དང་། གཟུངས་རྣམས་ལ་ཆོས་སྐུའི་རིང་བསྲེལ་ཞེས་གསུངས་པ་ལྟར། རིང་བསྲེལ་བཞིར་དབྱེ་བ་དང་། ལྔར་དབྱེར་བ་དང་གསུམ་དུ་དབྱེ་བ་སོགས་བཤད་ཚུལ་མང་ཡང་ད་ལྟ་ཡོངས་གྲགས་ལ་རིང་བསྲེལ་རྣམ་བཞི་གཙོ་བོར་མཛད་པས་དེའི་ལུགས་དང་བསྟུན་ནས་ཞི་བདེའི་གསེར་སྡོང་ཆེན་མོ་འདིར་ནང་རྟེན་རིང་བསྲེལ་རྣམ་བཞི་ཇི་ལྟར་གཞུགས་ཚུལ་ལ་བཞི་ལས།
ཉུང་འབྲུ་ལྟ་བུའི་རིང་བསྲེལ་ལ་སྲིད་ན་རྙེད་པར་དཀའ་བའི་ཁུངས་ལྡན་བདེན་དཔང་དང་བཅས་པའི་སངས་རྒྱས་མར་མེ་མཛད་ཀྱི་རིང་བསྲེལ་སྲན་མ་ལྟ་བུ་གཅིག སངས་རྒྱས་འོད་སྲུང་གི་རིང་བསྲེལ་སྲན་མ་ལྟ་བུ་གཅིག སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་ཡུང་འབྲུ་ལྟ་བུ་བརྒྱད་བཅས་ཡོད་དོ། །