བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

མཆོད་རྟེན་ལ་མཇལ་བསྐོར་བྱེད་པའི་དམིགས་ཡུལ།

སྐོར་བ་བྱ་བ་འདི་དགོས་ཆེད་ཅི་ཞིག་ཏུ་གཏོགས་པ་ཡིན་པར་ཤེས་དགོས་ཞེ་ན།

 

   དེ་ཡང་གོང་དུ་བློ་བསྟན་རྒྱན་འགྲེལ་ལས། ཕྱག་འཚལ་བ་དང་སྐོར་བ་བྱེད་པ་ལ་སོགས་པ་ནི་བཀུར་སྟིས་མཆོད་པའོ། ཞེས་གསུངས་པ་ལྟར། རང་གི་དད་གུས་ཕྱིར་མི་ལྡོག་པས་སྐྱབས་གནས་མཆོག་གསུམ་རྟེན་དང་བཅས་པ་ལ་བཀུར་སྟི་བྱ་བའི་ཡན་ལག་ཏུ་ཤེས་དགོས་པ་དང་།

 

གང་གིས་སྐོར་བའི་གང་ཟག་ནི།

   ཡང་ཁ་ཅིག་གི་ཕྱག་མཆོད་སྐོར་བ་ལ་སོགས་པ་འདི་རྣམས་ཟབ་མོའི་ཉམས་ལེན་མི་ཤེས་པའི་སོ་སྐྱེས་ཕལ་པ་རྣམས་དང་དམན་པ་རྣམས་ཀྱིས་བྱེད་དགོས་ཀྱི་རྣལ་འབྱོར་པ་དང་བླ་མ་སྤྲུལ་སྐུ་སོགས་ཡོན་ཏན་ཅན་དང་ཐོབ་ཐང་ཅན་རྣམས་ཀྱིས་འདི་གཏན་ནས་བྱེད་མི་དགོས་སྙམས་ན། དེ་ནི་རང་མཐོང་གི་མུན་པའི་ནང་ནས་རང་གི་གནས་བབས་མི་ཤེས་པར་རང་མགོ་གདུགས་ལྟར་འཁོར་བ་ཡིན་པས་ཤིན་ཏུ་མི་རུང་སྟེ། མདོ་སྡེ་ས་བཅུ་པ་ལས། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་འོད་ཤིན་ཏུ་གསལ་བ་ཞེས་བྱ་བ་བྱེད་དེ། མཆོད་པ་དང་རིམ་གྲོ་བྱེད་པ་དེ། སེམས་དང་པོ་བསྐྱེད་པ་ཡན་ཆད། ས་དགུ་པ་ཐོབ་པའི་བར་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། ཞེས་སོགས་ཀྱིས་ས་གོང་མ་གོང་མའི་སྐབས་སུ་ལུས་ངག་གི་དགེ་སྦྱོར་ཡང་ཆེས་གོང་འཕེལ་དུ་འགྲོ་བར་གསུངས་པ་སོགས་ཀྱིས་ཤེས་ནུས་སོ། །

 

 

   ཡང་ཁ་ཅིག་ང་མཁས་པ་དང་། གསང་སྔགས་ཀྱི་རྣལ་འབྱོར་པ་ཡིན་པས་སྐོར་བ་སོགས་མི་དགོས་པར་བསམ་ཞིང་སྨྲ་བ་དེ་ནི་ལོག་རྟོག་ཡིན་ཏེ། རྣལ་འབྱོར་པ་དང་མཁས་པ་ཡིན་ཀྱང་། སྐོར་བ་བྱེད་དགོས་ཏེ། སྔོན་ཇོ་བོ་ཨ་ཏི་ཤ་རྒྱུན་དུ་སྐོར་བ་མཛད་པ་ལ། དགེ་བཤེས་སྟོན་པ་རིན་པོ་ཆེས། དགེ་སྦྱོར་བཞུགས་ནས་མི་མཛད་པར་སྐོར་བ་ཉི་ཚེ་མཛད་པ་ཇི་ལྟར་ལགས་ཞུས་པས། ཁྱོད་ཀྱིས་མ་གོ་བ་ཡིན། འདི་ལ་ལུས་ངག་ཡིད་གསུམ་གའི་ལས་ཡོད་པ་ཡིན། བསྒོམ་པ་ལ་གཅིག་ལས་མེད། འདི་ལས་འཁོས་ཆེ་བ་མེད་གསུངས་པ་དང་། འབྲོམ་སྟོན་པས་རྒྱུན་དུ་སྐོར་བ་མཛད་དོ། ཕྱིས་ཞབས་རྐང་གིས་མི་ལྕོགས་པ་ན་ཁྱོགས་བྱས་ནས་སྐོར་བ་གསུམ་གསུམ་མ་ཆག་པར་མཛད་ཅེས་བཀའ་གདམས་གོང་མའི་གསུང་སྒྲོས་ལས་འབྱུང་ཞེས། གུང་ཐང་རིན་པོ་ཆེས་གསུངས་སོ། །རྗེ་མི་ལའི། ང་རེ་འགའ་འགྲོ་ཞིང་འགྲོ་ཞིང་བསྒོམ། །འགྲོ་ཞིང་འགྲོ་ཞིང་བསྒོམ་ཙ་ན། །འགྲོ་འདུག་སྐོར་བར་ཤེས་པའི་གདམས་ངག་ཡོད། །ཞེས་གསུངས་པ་བཞིན་དམ་པ་གོང་མ་རྣམས་ཀྱིས་སྐོར་བ་མཛད་པའི་ལོ་རྒྱུས་མང་ངོ་། །