བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

མཆོད་རྟེན་ལ་མཇལ་བསྐོར་བྱེད་སྐབས་ཀྱི་གསོལ་འདེབས།

དམིགས་རིམ་ནི། 

 

 

   སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ཀུན་སློང་གསུམ་ལས་སྐྱེས་བུ་ཆེན་པོའི་ཀུན་སློང་གི་རྩིས་ཟིན་པ་གལ་ཆེ་སྟེ། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ཀྱིས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད་། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་གསུམ། །ཐར་ལམ་བསྒྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར། དགེ་བ་ཆེ་ཆུང་གང་སྒྲུབས་ཀྱང་། དགེ་རྩ་དེ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ། དགེ་བ་རྐྱེན་གྱིས་མི་ཤིག་པར་བྱེད་པ་དངོས་གཞི་དམིགས་པ་མེད་པ། དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བའི་རྒྱས་ཡོངས་སུ་ཐེབས་པ་སྟེ་དམ་པ་གསུམ་གྱི་རྩིས་ཟིན་པ་འདི་གསུམ་མེད་ཐབས་མེད་པར་གསུངས་པས་མི་དགེ་བ་དང་ལུང་མ་བསྟན། རང་འདོད་དང་ཚེ་འདིའི་དོན་སོགས་སྤང་ནས་དམ་པ་གསུམ་གསལ་འདེབས་པ་ཤིན་ཏུ་གལ་ཆེ་བས་དེའི་ཚུལ་རྒྱས་པ་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་སོགས་ན་བསྟན་པས་དེར་གཟིགས་ནས་ཤེས་དགོས་སོ། །ཁྱད་པར་དུ་སྐབས་འདིར་སྦྱོར་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྤྱི་ལྟར་དང་། དངོས་གཞི་འཁོར་ལོའི་དམིགས་རིམ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ལས། སྐོར་བའི་རྣལ་འབྱོར་ནི། ཐུགས་རྗེ་ཆེན་པོའི་སྐུ་གཅིག་ལ། ཕྱི་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ནང་ལྟར་ན་བརྒྱུད་པའི་བླ་མ་ཐམས་ཅད། གསང་བ་ལྟར་ན་ཡི་དམ་མཁའ་འགྲོ་ཐམས་ཅད་བསྟིམ་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བཟླས་ཤིང་སྐོར་བ་བྱའོ། །རྟེན་ལས་འོད་བྱུང་ནས་རང་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་བྱང་བར་བསམ་ལ་སྐོར་བ་བྱའོ། །ཞེས་གསུངས་པ་ལྟར་དམིགས་པའམ། ཡང་ན་བཀའ་གདམས་གོང་མའི་མན་ངག་ལས། སྐོར་བ་རྟེན་བཅས་རྟེན་མེད་གཉིས་གསུངས་པས། རྟེན་བཅས་ནི་འདི་ལྟ་བུ་ལ་མཚོན་ན་འདིར་བཞུགས་པའི་སྐུ་བརྙན་རྣམས་ཀྱི་མཛོད་སྤུ་དང་། གླེགས་བམ་གྱི་ཡིག་འབྲུ་མཆོད་རྟེན་གྱི་བུམ་པ་སོགས་ནས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་ཕྱོགས་གཞན་གྱི་སྐུ་གསུང་ཐུགས་རྟེན་ལ་སོགས་པ་ཐམས་ཅད་སྤྱན་དྲངས་ཏེ་རྟེན་འདི་རྣམས་ལ་ཐིམ་པར་མོས་ཤིང་། རང་གི་ལུས་བརྒྱ་སྟོང་ཁྲི་འབུམ་སོགས་སུ་སྤྲུལ་པར་མོས། ངག་ཏུ་གཟུངས་དེ་དག་དང་། མ་ཎི་རྣམས་བརྗོད་བཞིན་པར་སོང་ན་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། གནས་ཆེན་ཐམས་ཆད་ལ་སྐོར་བ་བྱས་པར་འགྲོའོ། །རྟེན་མེད་ནི་སྐུ་གསུང་ཐུགས་རྟེན་དངོས་སུ་མེད་པའི་ཐང་སྟོང་ལྟ་བུར་ཡང་སྐོར་བ་བྱེད་འདོད་ན། བྷྲུཾ་སེར་པོ་ལས་བྱུང་བའི་དཔག་བསམ་གྱི་ཤིང་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སྐྱབས་ཡུལ་ཐམས་ཅད་བཞུགས་པར་མོས་ལ་བཟླས་པ་སོགས་སྔ་མ་བཞིན་དུ་བྱས་པས་བསོད་ནམས་རླབས་པོ་ཆེ་ཐོབ་བོ། །ཞེས་བཀའ་གདམས་གོང་མའི་མན་ངག་གོང་ཐང་མཆོད་རྟེན་དཀར་ཆག་ན་ཡོད་པ་འདིར་བྲིས་སོ། །

 

ལག་འཁོར་སོགས་སྐོར་བ་ལ་དམིགས་རིམ།

 

 

   གཞན་ཡང་ལག་འཁོར་སོགས་སྐོར་བ་ལ་དམིགས་རིམ་ཕྱག་སྤྲུལ་པད་མ་ཕྲིན་ལས་རྒྱ་མཚོས་འདི་ལྟར་གསུངས་ཏེ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་འཁོར་བ་ཐོགས་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་ལས་ངན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ནས་ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ཏེ་རྣམ་མཁྱེན་རྗོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་ཐོབ་པའི་ཆེད་དུ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་གཟུངས་སྔགས་ཀྱི་རྣམ་པར་ཤར་བའི་མདོ་རྒྱུད་ཆོས་ཀྱི་གླེགས་བམ་འདིའི་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བགྱིའོ། །འཁོར་ལོ་གཡས་སུ་ད་ལ་ལ་འཁོར་བའི་ཚེ་མདོ་རྒྱུད་གཟུངས་སྔགས་རྣམས་ལས་རང་རང་དང་མཐུན་པའི་གྲགས་སྟོང་ཆོས་ཀྱི་སྒྲ་དབྱངས་རང་གྲགས་སུ་གྱུར་པའི་མོད་ལ་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས་འགྲོ་བ་རིགས་དྲུག་གི་བསྡུས་པའི་མ་དག་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པའི་རྒྱུ་ཉོན་མོངས་དུག་ལྔ། ལས་མི་དགེ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་སོགས་ཁ་ན་མ་ཐོ་བའི་སྡིག་པ་མི་དགེ་བའི་ཚོགས་དང་། བདེ་བར་གཤེགས་པའི་བཀའི་བཅས་པ་ལས་འགལ་བ་སོ་སོར་ཐར་པའི་སྡོམ་པ་འཆལ་བ། བྱང་ཆུབ་སེམས་དཔའི་བསླབ་པ་ཉམས་པ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་པ་སོགས་ཉེས་ལྟུང་ཐམས་ཅད་ལྷག་མེད་དུ་དག་ནས་འབྲས་བུ་རིགས་དྲུག་སོ་སོའི་འཁྲུལ་སྣང་གི་སྡུག་བསྔལ་མ་ལུས་པ་རང་སར་ཞི་ནས་ཕྱི་སྣོད་དག་པ་ལྷའི་ཞིང་ཁམས་ནང་བཅུད་ཡི་དམ་རྒྱལ་བའི་སྐུར་གྱུར་ནས་སྣང་སྲིད་ཐམས་ཅད་འོད་གསལ་ཆོས་ཉིད་ཀྱི་རོལ་པ་ཉག་གཅིག་ཏུ་སད་པར་གྱུར་ཞེས་བསམ་ནས་སྐོར་བར་བྱའོ། །ཞེས་གསུངས་པ་སོགས་སྐོར་བའི་རྣལ་འབྱོར་གསུངས་པ་མང་ངོ་། ཁྱད་པར་རང་ཅག་ཁ་བ་ཅན་གྱི་མེ་ཏོག་ལྷ་ལ་ཕོག་པའི་ལྷ་སྐལ་སྤྱན་རས་གཟིགས་དང་། བླ་མའི་སྐལ་བ་གུ་རུ་རིན་པོ་ཆེ་གཉིས་ཡིན་པས་མ་ཎི་སིདྡྷི་བཟླས་ན་བྱིན་རླབས་ལྷག་པར་མྱུར་བས་འབད་པར་བྱའོ། །ཞེས་གསུངས་སོ། །