བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

མཆོད་རྟེན་ལ་མཇལ་བསྐོར་བྱེད་ཚུལ།

ཇི་ལྟར་སྐོར་ཚུལ་ནི།

 

   དེ་ཡང་སྒོ་གསུམ་བག་མེད་པའི་འཕྱར་གཡེང་དང་། ཆགས་སྔང་གཏི་མུག་ངག་ཀྱལ་སོགས་མི་དགེ་བའི་རྣམ་རྟོགས་ངན་པའི་དབང་དུ་འགྲོ་བཞིན་སྐོར་བ་བྱས་ཀྱང་ཕན་ཡོན་དེ་ཙམ་མི་འབྱུང་ལ། ལུས་ཀྱི་སྤྱོད་ལམ་རྣམ་དག་ངག་གི་གཟུངས་སྔགས་བཟླས་བརྗོད། ཡིད་ཀྱི་མོས་གུས་དག་སྣང་བཅས་ལུས་ངག་ཡིད་གསུམ་གའི་དགེ་སྦྱོར་ཚང་བས་དོན་ཤིན་ཏུ་གལ་ཆེ། མཆོད་རྟེན་སྐོར་བའི་མདོ་ལས། ལུས་ཀྱི་ལས་ཀྱང་སྐོར་བ་ཡིན། །ངག་གི་ལས་ཀྱང་སྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་སྐོར་བ་ཡིན། །སྨོན་ལམ་བཏབ་པའང་སྐོར་བ་ཡིན། །ཞེས་གསུངས་པ་ལུས་ངག་ཡིད་གསུམ་དགེ་སྦྱོར་ལ་འབད་དགོས་སོ། །ཁྱད་པར་ཡིད་ཆེས་ཀྱིས་དད་པའི་སྟོབས་བསྐྱེད་པ་ནི་ཐོག་མཐའ་བར་གསུམ་ཀུན་དུ་གལ་ཆེ་སྟེ། ཤིན་ཏུ་རྒྱས་པའི་སྡེ་སྣོད་དཀོན་ཅོག་ཏ་ལའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུང་པ་བཞིན་གནས་སྐབས་ཀྱི་བདེ་བ་དང་མཐར་ཐུག་བླ་ན་མེད་པ་རྗོགས་པའི་བྱང་ཆུབ་ཐོབ་ཚུར་སོགས་རྒྱས་པར་གསུངས་སོ། །དེའི་ཕྱིར་ཤིན་ཏུ་རྙེད་དཀའི་ལུས་རྟེན་འདི་ལ་སྙིང་པོ་ལེན་ཕྱིར་རྒྱུན་དུ་དགེ་སྦྱོར་ལ་འབད་པ་ཤིན་ཏུ་གལ་ཆེ་ཁྱད་པར་སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་གྱིས་རླབས་པའི་དུས་ཆེན་རྣམས་ལ་དགེ་སྡིག་གང་བྱས་འགྱུར་སྟོབས་ཆེ་བས་དུས་དེར་རང་གི་དུས་ཁྲིམས་ཡན་ལག་བརྒྱད་པའི་ཚུལ་ཁྲིམས་བསྲུང་ནས་ལུས་ངག་ཡིད་གསུམ་གྱིས་དགེ་སྤྱོར་འབད་པ་གལ་ཆེ་སྟེ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མེད་ལས། ཚེས་བརྒྱད་དང་བཅུ་བཞིའམ། བཅོ་ལྔ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་སྔགས་འདི་གཉིས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཤིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་སྐོར་བ་བྱས་ན་འཕྲལ་དུ་སྡིག་པའི་དྲི་མ་དང་ཉོན་མོངས་པ་ཐམས་ཅད་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་དང་། སེར་སྣ་དང་ཕྲག་དོག་དང་བྲལ་བར་འགྱུར་རོ། །ཞེས་གསུང་པ་བཞིན་ཤེས་པར་བྱའོ། །