མཆོད་རྟེན་ལ་མཇལ་བསྐོར་བྱས་པའི་ཕན་ཡོན།
ལྔ་པ་མཆོད་རྟེན་བསྐོར་བའི་ཕན་ཡོན་དངོས་ནི།
མདོ་ལས། སྲོགས་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིགས་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་སྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར། །ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང་། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་དལ་པ་གཅིག། མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་བསྟི་སྟིང་བྱེད། །བདག་མེད་སྟོང་པའི་ཆོས་ཐོས་ནས། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དད་པ་ཐོབ་འགྱུར་ཞིང་། །ཆོས་དོན་ཇི་བཞིན་མཁས་པར་འགྱུར། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང་། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་བཏང་ཞིང་སེར་སྣ་མེད། །འཛམ་བུའི་གླིང་ན་གང་ཡང་རུང་། །ཁྱད་པར་ཅན་གྱིས་རིགས་མཛེས་པ། །དེར་ནི་བརྟན་པ་དེ་སྐྱེ་སྟེ། །དམའ་བ་དག་ནི་རྣམ་པར་སྤངས། །མཆོད་རྟེན་བསྐོར་བ་བྱས་ན་ནི། །སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་། །དབང་ཆེར་གྲགས་པའི་ཁྱིམ་བདག་དང་། །དཔལ་དང་གཟི་བརྗིད་ལྡན་པར་འགྱུར། །བྲམ་ཟེ་སཱ་ལ་ཆེ་འདྲ་དང་། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང་། །རྒྱལ་རིགས་སཱ་ལ་ཆེ་འདྲ་དང་། །ཕྱུག་ཅིང་ནོར་ཆེ་ལྡན་པར་འགྱུར། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྨོན་པ། །གླིང་བཞི་དག་གི་དབང་ཕྱུག་བླ། རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོ་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དང་། །ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ། །ལྷའི་དབང་པོ་བརྒྱ་བྱིན་འགྱུར། །ལྷ་དབང་ཤིན་ཏུ་འཐབ་བྲལ་དང་། །དེ་བཞིན་དུ་ནི་དགའ་ལྡན་དང་། །ལྷ་དབང་ཤིན་ཏུ་འཕྲུལ་དགའ་དང་། །དབང་སྒྱུར་འཇིགས་པ་མེད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །དེ་ནི་ཚངས་པའི་འཇིགས་རྟེན་དུ། །ཚངས་པའི་དབང་ཕྱུག་མཁས་འགྱུར་ཞིང་། །ལྷ་རྣམས་བྱེ་བས་མཆོད་པར་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་སྐོར་བ་བྱེད་པ་ཡིས། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང་། །ནམ་ཡང་ལོང་ཞིང་འཐེང་མི་འགྱུར། །འཇིགས་རྟེན་མགོན་གྱི་མཆོད་རྟེན་ལ། །མངོན་དུ་སྐོར་བ་བྱེད་པ་ནི། །བུང་བ་སྔོན་པོ་མཛེས་འདྲ་ཡི། །རྣམ་པར་དག་པའི་མིག་ཐོབ་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །དེ་ནི་ངེས་པར་རྟག་ཏུ་ཡང་། །མཐུན་པའི་དོན་ཀུན་ཐོབ་འགྱུར་ཞིང་། །དོན་མིན་རྣམས་ནི་སྤངས་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །དེ་ནི་ལེ་ལོ་མེད་འགྱུར་ཞིང་། །རྟག་ཏུ་བག་ཡོད་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་བརྟན་ལ། །བརྟན་ཞིང་རྣམ་པར་གནོན་བརྟན་དང་། །དེ་ནི་མྱུར་དུ་མཁས་པར་འགྱུར། །མེ་དང་དུག་དང་མཚོན་གྱིས་དེ། །ནམ་ཡང་འཆི་དུས་བྱེད་མི་འགྱུར། །མཁས་པ་ཚེ་ནི་རྫོགས་རྫོགས་སུ། །ཟད་པར་བྱས་ནས་འཆི་དུས་བྱེད། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཕོ་བྲང་འཁོར་དང་ཡུལ་འཁོར་དང་། །གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང་། །གཟུགས་ཀྱིས་ཁྱད་པར་འཕགས་པར་འགྱུར། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དེ་ནི་འདོད་པ་མི་སྟེན་ཅིང་། །ལུས་ཀྱང་གཙང་ལ་གོས་གཙང་ཞིང་། །གཙང་མའི་ཆོས་ལ་གནས་པར་འགྱུར། །ཞེས་དང་། གསལ་རྒྱལ་གྱི་ཚིག་བཅད་ལས། །སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ལ་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་འགྱུར་ཡོན་ཏན་རྣམས་དང་ལྡན། །མི་རྣམས་སུ་དག་དགའ་བཞིན་གུས་པ་ཡི། །བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི། སྲིད་པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས། །ཞེས་དང་། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པའི་མདོ་ལས། ཤེས་རབ་ཆེན་པོའི་ཤཱ་རིའི་བུས། །སྟོན་པ་ལ་ནི་ཞུ་བ་ཞུས། །མཆོད་རྟེན་སྐོར་བ་བགྱིས་པ་ཡིས། །རྣམ་པར་སྨིན་པ་ཅིར་འགྱུར་པ། །སྐལ་པ་ཆེན་པོའི་འཇིག་རྟེན་མཆོག། རྣམ་པར་འདྲེན་པས་བདག་ལ་གསུངས། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། སྟོན་པས་དེ་ལ་བཀའ་སྩལ་པ། །མཆོད་རྟེན་སྐོར་བ་བྱས་པ་ཡི། །ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན། །མཆོད་རྟེན་སྐོར་བ་བྱས་པ་ཡིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མི་འམ་ཅི། །ལྟོ་འཕྱེ་ཆེ་རྣམས་མཆོད་བྱེད་འགྱུར། །དལ་བ་རྙེད་དཀའ་ཐོབ་གྱུར་ནས། །སྐད་ཅིག་གཅིག་ཙམ་བར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྦོང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །དྲན་དང་ལྡན་ཞིང་བློས་གྲོས་ལྡན། །ཁ་དོག་ལྡན་ཞིང་མཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་དང་དེ་བཞིན་མི་རྣམས་ཀྱི། །ཚེ་རིང་བ་ཡང་དེ་ཡིས་ཐོབ། །གྲགས་པ་ཆེན་པོ་འང་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། འཛམ་བུའི་གླིང་དུ་རུས་ཀྱིས་མཆོག། །ཆོ་རིགས་ཡོངས་སུ་དག་པར་ཡང་། །བློ་ལྡན་དེ་ནི་སྐྱེ་བར་འགྱུར། །མཆོད་རྟེན་སྐོར་བ་བྱས་པས་ནི། །ཁ་བཞིན་དག་ཀྱང་བཟང་བ་དང་། །མདོག་སྡུག་པ་དང་མཁས་པ་དང་། །བདེ་བར་གནས་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕྱུག་ཅིང་ནོར་ཡང་མང་བ་དང་། །སེར་སྣ་མེད་ཅིང་གཏོང་ཕོད་དང་། །སྤྱིན་པ་དག་ལ་དཔའ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཡིད་དུ་འོང་ཞིང་བལྟ་ན་སྡུག། །མདོག་བཟང་མཐོང་ན་དགའ་བ་དང་། །ལོངས་སྤྱོད་རྒྱ་ཆེན་སྤྱོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདུ་བྱེད་སྟོང་པར་མཐོང་ནས་ཀྱང་། །དེ་ནི་ཆོས་ལ་རྨོང་མི་འགྱུར། །མྱུར་དུ་དགའ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རྒྱལ་རིགས་མཆོག་ཏུ་སྐྱེ་བར་འགྱུར། །བུད་མེད་འཁོར་དང་ལྡན་པ་དང་། །སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བྲམ་ཟེ་ཆེ་ཞིང་མཐོ་བར་སྐྱེ། །ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན། །རིགས་བྱེད་གསང་སྔགས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ། །ཕྱུག་ཅིང་ནོར་ཡང་མང་བ་དང་། །ནོར་དང་འབྲུ་རྣམས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམ་བུའི་གླིང་གི་མངའ་བདག་རྗེ། །ས་སྟེང་མཐའ་དག་དབང་བྱེད་པའི། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །ཆོས་བཞིན་འཁོར་ལོ་བསྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདི་ནས་འཕོ་ནས་མཐོ་རིས་འགྲོ། སངས་རྒྱས་བསྟན་ལ་དགའ་བ་དང་། །རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་ཡུལ་དག་ནས་འཕོས་ནས་ཀྱང་། །དེ་ནི་མི་ཡི་ནང་དུ་སྐྱེ། །རྨོངས་པ་མེད་པར་མངལ་དུ་འཇུག། མཆོད་རྟེན་བསྐོར་བ་བྱས་པས་ནི། །མངལ་གྱི་སྐྱོན་གྱི་དྲི་མ་ཡིས། །དེ་ལ་གོས་པར་མི་འགྱུར་ཏེ། །དེ་ནི་ནོར་བུ་དག་པ་བཞིན། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མ་ལྟོར་བདེ་བར་གནས་པར་འགྱུར། །དེ་ནི་བདེ་བར་བཙའ་བ་དང་། །བདེ་བར་ནུ་ཞོ་འཐུང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕས་ཀྱང་གཡོག་འཁོར་མང་པོ་ཡིས། །དེ་ལ་གསོ་ཞིང་གནས་པར་འགྱུར། །མ་མས་རྟག་ཏུ་རིམ་གྲོ་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཉེ་དུ་རྣམས་ཀྱི་སྙིང་དུ་སྡུག། །དེ་བཞིན་ཕ་མ་ལྷག་པར་བྱམས། །སྐྱེས་ནས་ལོངས་སྤྱོད་འཕེལ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཤ་ཟ་དང་ནི་སྲིན་རྣམས་ཀྱིས། །དེ་ལ་གནོད་པར་མི་འགྱུར་རོ། །ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་བ་གྲུམ་པོར་ཡོང་མི་འགྱུར། །ལུས་ཀྱང་རྣམ་པར་དག་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མིག་ཀྱང་རྣམ་པར་དག་པར་འགྱུར། །དཀྱུས་རིང་མཐོན་མཐིང་སྡུག་པ་དང་། །ལྷ་ཡི་མིག་ཀྱང་དེ་ཡིས་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལུས་བདེ་སེམས་ཀྱང་བརྟན་པ་དང་། །དེ་བཞིན་བརྩོན་འགྲུས་བརྟན་པ་དང་། །དཔུང་མགོ་ཟླུམ་ཞིང་བརྟན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །སྟོབས་དང་བྱད་གཟུགས་ཕུན་སུམ་ཚོགས། །ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས། །ལེགས་པར་རྒྱན་ཅིང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེ་བའི་བརྒྱ་བྱིན་དུ། །ལྷ་ཡི་དབང་པོ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཐབ་བྲལ་ལྷ་ཡི་རྒྱལ་པོ་དང་། །དེ་བཞིན་ཡོངས་སུ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཚངས་པའི་འཇིགས་རྟེན་ཚངས་པ་ཡིས། །དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་། །ལྷ་རྣམས་བྱེ་བ་རྙེད་ཀྱིས་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་དང་། །ཁྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་། །ཤེས་རབ་ལྡན་པ་རྟག་ཏུ་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །
བསྐལ་པ་བྱེ་བ་སྟོང་དག་དུ། །ལུས་གཙང་་གོས་ཀྱང་གཙང་བ་དང་། །དཀར་པོའི་ཆོས་དང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས། །དེ་ནི་ལེ་ལོ་མེད་པ་དང་། །ཤིན་ཏུ་བསྒྲུབ་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་ཡང་བརྟན། །རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང་། །དོན་རྣམས་མྱུར་དུ་འགྲུབ་པར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །གདངས་སྙན་གསང་ཡང་མཐོ་བ་དང་། །ཡིད་དུ་འོང་བའི་ང་རོ་ཅན། །གནོད་པ་མེད་ཅིང་ནད་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ང་ཉིད་ཀྱིས་ནི་བསྟན་པ་ཡི། །གནས་དེར་མྱུར་དུ་དེ་འགྲོ་ཞིང་། །ཤས་ཆེར་སྐྱེ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །དྲན་པ་ཉེ་བར་བཞག་པ་བཞི། །སེམས་ཀྱི་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་རྐང་པའི་དབང་ཡང་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་འབྲས་བུ་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངོན་ཤེས་དྲུག་ལྡན་ཟག་པ་མེད། །ཉོན་མོངས་ཐམས་ཅད་སྤངས་པ་ཡིན། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོ་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདོད་ཆགས་ཞེ་སྡང་སྤངས་པ་དང་། །འཁོར་རྣམས་ཐམས་ཅད་སྤངས་པ་ཡི། །རང་རྒྱལ་བྱང་ཆུབ་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིགས་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར། །ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན། །ངག་གི་ལས་ཀྱང་བསྐོར་བ་ཡིན། །ཡིད་ཀྱིས་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པའང་བསྐོར་བ་ཡིན། །འདིར་ནི་བསྐོར་བ་བྱས་པ་ཡིས། །བགྲོད་དཀའ་བདེ་དགུར་དོན་རྣམས་འགྲུབ། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉི་ཚེ་ཡིས། །ལེགས་པར་བསྟན་པར་མི་ནུས་སོ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། ཤཱ་རིའི་བུས་ནི་ཞུས་ནས་ཀྱང་། །མཆོད་རྟེན་ཕྱག་བྱས་ཡོན་ཏན་གང་། །འཇིགས་རྟེན་མགོན་པོས་བསྟན་པ་ཡིན། །རྟ་བརྒྱ་དང་ནི་གསེར་སྲང་བརྒྱ། །དྲེན་མོའི་ཤིང་རྟ་བརྒྱ་དག་དང་། །རྒོད་མ་བརྒྱ་ཡི་ཤིང་རྟ་རྣམས། །རིན་ཆེན་སྣ་ཚོགས་བཀང་བ་ཡང་། །བསྐོར་བའི་གོམ་པ་གཅིག་པོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཀམ་པོ་ཛི་ཡི་བུ་མོ་བརྒྱ། །ནོར་བུ་རྣ་ཆ་གདུབ་འཁོར་ཐོགས། །གསེར་གྱི་དཔུང་རྒྱན་འཆང་བ་དང་། །མགྲིན་པར་གསེར་གྱི་ལེགས་བརྒྱན་པ། །བསྐོར་བའི་གོམ་པ་གཅིག་པོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་དང་། ལུང་གཞི་ལས། མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམ་བུ་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང་། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་མ་བཀའ་བརྒྱད་ཡོངས་རྫོགས་རྒྱུད་གསང་འདུས་ལས། བསྐོར་བ་ཡོངས་རྫོགས་རྟེན་མཆོག་ལ༔ འགྲོ་ཀུན་འཁོར་རྒྱུན་བཅད་ཕྱིར་བསྐོར༔ ཡེ་ཤེས་འཁོར་ལོ་རྒྱུན་མི་བཅད༔ ཅེས་དང་། ཉམས་ལེན་སྐོར་དགུ་ལས། འཁོར་བའི་ཆུ་རྒྱུན་བཟློག་པའི་ཕྱིར། །བསྐོར་བ་ཞེས་བྱའི་རྣལ་འབྱོར་བྱ༔ ཞེས་དང་། བྱང་ཆུབ་སེམས་པའི་སྤྱོད་དབང་གི་རྣམ་པར་སྣང་མཛད་རྒྱུད་ཀྱི་སྒྲུབ་ཐབས་ལས། མཆོད་རྟེན་རིང་བསྲེལ་དང་བཅས་པ་ལ་བསྐོར་བ་བྱའོ༔ བདག་དོན་དུ་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ༔ གཞན་དོན་དུ་བསྐོར་བ་འབུམ་བྱའོ༔ དེའི་ཡོན་ཏན་ནི་གངྒཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ༔ བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ༔ མཚམས་མེད་པ་ལྔའི་ལས་བསགས་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ༔ སེམས་ཅན་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་རྣམས་ཀྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ༔ ཚེ་རིང་པོར་འགྱུར་རོ། །སྤྲུལ་གྱི་ལྤགས་པ་བརྗེས་པ་བཞིན་དུ་འགྱུར་རོ༔ ལུས་འདི་བོར་མ་ཐག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཕྱིན་ཆད་མངལ་གྱི་དྲི་མས་གོས་པར་མི་འགྱུར་རོ༔ གང་དང་གང་དུ་སྐྱེ་བར་འདོད་པ་དེ་དང་དེར་རྫུས་ཏེ་པདྨ་ལས་སྐྱེ་བར་འགྱུར་རོ༔ ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ༔ བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ༔ ཞེས་གསུང་པ་བཞིན་ཤེས་པར་བྱའོ། །
ཕྱག་འཚལ་བ་དང་ཐལ་མོ་སྦྱར་བའི་ཕན་ཡོན་ནི།
ལས་རྣམ་འབྱེད་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་བཙལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། །མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་སྐད་སྙན་ཞིང་བཟུང་བའི་ཚིག་ཏུ་འགྱུར་བ་དང་། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། གཟི་བྱིན་ཆེན་པོར་འགྱུར་བ་དང་། གཟི་བྱིན་ཆེན་པོའི་གང་ཟག་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ཡིན་ནོ། །ཞེས་དང་།
མཆོད་རྟེན་ལ་ཐལ་མོ་སྦྱར་བ་དང་པུས་མོ་བཙུགས་པའི་ཕན་ཡོན་ནི།
དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནི་བཅུ་ཡོད་དེ། བཅུ་གང་ཞེ་ན། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་ཐོབ་པ་དང་། རྒྱ་ཆེ་བའི་གཟུགས་དང་། རྒྱ་ཆེ་བའི་གཡོགས་འཁོར་དང་། རྒྱ་ཆེ་བའི་མཆོད་པ་དང་བཀུར་བསྟི་དང་ནོར་རྒྱ་ཆེ་བ་དང་། ཐོས་པ་རྒྱ་ཆེ་བ་དང་། དད་པ་རྒྱ་ཆེ་བ་དང་། དྲི་བ་རྒྱ་ཆེ་བ་དང་། ཤེས་རབ་རྒྱ་ཆེ་བ་དང་། རྟོགས་པ་རྒྱ་ཆེ་བ་དང་། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ། །ཞེས་མཆོད་རྟེན་གྱི་ཕན་ཡོན་བསྟན་པ་ལས་གསུངས་ཤིང་། དམ་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང་། མཆོད་རྟེན་དེ་ལ་གང་གི་ཐལ་མོ་སྦྱར། །ཡོངས་སུ་ཚང་པའམ་ཐལ་མོ་ཡ་གཅིག་གམ། ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཤེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དང་། སྦྱར་རས་གཟིགས་ཀྱི་མདོ་ལས། བློ་གྲོས་རྣམས་པར་དག་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་དད་པ་བསྐྱེད་དེ། པུས་མོ་གཉིས་ཀའི་ལྷ་ང་ས་ལ་བཙུགས་ནས་ཕྱག་འཚལ་ཞིང་ཕྱག་བྱེད་དེ། དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ་དེ་ཅི་འདྲ་བར་བདག་གི་ལུས་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་དེ་ལ་མོས་པ་སྐྱེད་ན། བློ་གྲོས་རྣམ་པར་དག་པ་བསོད་ནམས་ཀྱི་མཐའ་བརྗོད་པར་མི་ནུས་སྟེ་བླ་ན་མེད་པ། དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིར་རོ། །བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་དམ། ཚངས་པ་ཉིད་དམ། རང་སངས་རྒྱས་ཉིད་དམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པས་ཀྱང་ཟད་པར་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་རིགས་ཀྱི་བུ་དེས་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་བའི་ཕྱིར་ཏེ། བློ་གྲོས་རྣམ་པར་དག་པ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་གྲོང་ཁྱེར་རམ། གཙུག་ལག་ཁང་ངམ། གྲོང་དུ་འཇུག་ཀྱང་རུང་། འཆག་ཀྱང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཆོས་སྟོན་ཀྱང་རུང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ལྷའམ། ཀླུའམ་གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མིའམ་ཅི་འམ། ལྟོ་འཕྱེ་ཆེན་པོའམ། མིའམ། མི་མ་ཡིན་པའམ། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ཤིང་ངམ། རིའམ། ཁུང་བུའམ། བུ་གའམ། བྱ་སྐྱིབས་ཀྱང་རུང་སྟེ། དེ་བཞིན་གཤེགས་པ་ག་ལ་བ་ལོགས་སུ་འདུད་པ་དང་། རབ་ཏུ་འདུད་པ་དང་། ཀུན་ཏུ་འདུད་པ་མི་བྱེད་པ་དེ་གང་ཡང་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་ལ་བྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་དེ་དག་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་འཁོར་རམ། ཕོ་བྲང་འཁོར་ན་རྒྱུ་བ་ལ་སེམས་ཅན་རྣམས་འདུད། རབ་ཏུ་འདུད། ཀུན་ཏུ་འདུད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་མོས་བསྐྱེད་དེ། སངས་རྒྱས་མཆོད་རྟེན་ལ་ནི་པུས་མོ་གཉིས་འཛུགས་དང་། །སུ་ཞིག་བྱང་ཆུབ་གཞོལ་ནས་ཕྱོགས་རྣམས་ཀུན་འགྲོ་བ། །དེ་འགྲོ་ཚེ་ན་འཇིག་རྟེན་གསུམ་པོ་འདུད་པར་བྱེད། །མི་རྣམས་གཙོ་བོ་རང་བྱུང་གང་དུ་འགྲོ་བྱེད་པ། །དེ་ལོགས་སུ་ནི་རྩྭ་དང་ཤིང་དང་སྡོང་ལྕུག་དང་། །
སྨན་དང་ཤིང་ལོ་རྣམས་དང་འབྲས་བུ་འདབ་མ་དང་། །ཡིད་འོང་དྲི་ལྡན་མེ་ཏོག་རྣམས་ནི་འདུད་པར་འགྱུར། །བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་མོ་བཙུགས་པ་ནི། །དེ་ལ་མིའི་དབང་པོ་ཀུན་ཀྱང་འདུད་པར་འགྱུར། གནོད་སྦྱིན་དབང་དང་ཀླུ་དང་ལྷའི་རྒྱལ་པོ་དང་། །ཚངས་པའི་དབང་པོ་ཐམས་ཅད་རྐང་པར་གཏུག་པ་བྱེད། །བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་བཙུགས་ཕྱག་བྱས་ན། །དཔའ་ཞིང་སྟོབས་དང་ལྡན་པའི་འཁོར་ལོས་སྒྱུར་བར་འགྱུར། །གསེར་གྱི་མདོག་ལྡན་མཚན་རྣམས་ཀྱིས་ནི་གོ་ཆར་འགྱུར། །མཐུ་ཆེན་བླ་མར་བྱ་ཞིང་ཐུབ་པ་དཀའ་བར་འགྱུར། །དེ་ཡི་ཡུལ་ན་སེམས་ཅན་གང་དག་གནས་གྱུར་པ། །དེ་དག་ཐམས་ཅད་བྱམས་པའི་སེམས་དང་དགའ་བར་འགྱུར། །དེ་ལ་སེམས་ཅན་གང་ཡང་སྡིག་པ་མི་སྐྱེད་དེ། །སྐྱེ་བོ་ཚོགས་ཆེན་དགའ་ཞིང་ཡིད་དུ་འོང་བར་འགྱུར། །བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཙུགས་ཕྱག་འཚལ་བ། དེ་ལ་འཇིག་རྟེན་ཀུན་གྱི་རྒྱལ་པོ་རབ་ཏུ་འདུད། །ལྷ་དང་ཀླུ་དང་མི་དང་ལྟོ་འཕྱེ་ཆེན་པོ་འདུད། །བསྐལ་པ་མཐའ་ཡས་རྣམས་སུ་དབུག་ཕྱིན་ཐོབ་པར་འགྱུར། །བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཙུགས་ཕྱག་འཚལ་བ། གང་ཚེ་རྒྱལ་བ་དམ་པ་བྱུང་བར་འགྱུར་བའི་ཚེ། དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར་བ་ཐོབ། །འདྲེན་པ་གཞལ་ཡས་རྣམས་ལ་མཆོད་པ་བྱེད་པར་འགྱུར། །འཇིག་རྟེན་སངས་རྒྱས་འགྱུར་ཅེས་མོས་པ་བསྐྱེད་ནས་ནི། །བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་བཙུགས་ཕྱག་འཚལ་བ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་གྲངས་ཟད་འགྱུར་ན། །དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་མཚུངས་མེད་ཐོབ། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་གཞལ་ཡས་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱིས་དུས་མི་ཟད་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ། །སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་མེད་གྱུར་པ། །སྤྱོད་པ་དམ་པ་སྤྱད་ནས་ཁྱད་པར་བརྙེས་གྱུར་པ། །མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ན། །རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན་འགྱུར། །ཞེས་དང་། འཇིག་རྟེན་སངས་རྒྱས་འགྱུར་བྱས་མོས་སྐྱེད་དེ། །སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །
འཇིག་རྟེན་དག་ན་བླ་མར་བཀུར་སྟི་བྱ། །དེ་ནི་མཛེས་ཤིང་བལྟ་ན་སྡུག་པར་འགྱུར། །དེ་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི། །ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད། །སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར། །དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན། །དེ་ཡི་ཡུལ་ན་སེམས་ཅན་གང་གནས་པ། །དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །དེ་ནི་ངན་སོང་ས་ཡང་རྣམ་པར་སྤོང་། །དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད། །བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར། །དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན། །བསམ་པ་ཇི་བཞིན་དེ་དག་དགའ་བ་སྐྱེད། །སེམས་ཅན་རྣམས་ལ་མི་ལྷོད་ཞི་ཚིག་སྟོན། །དེ་ལ་སུ་ཡང་དབང་ཕྱུག་མེད་མི་བྱེད། །སྐྱེ་བོ་ཚོགས་ཆེན་དག་གིས་བལྟ་འོས་འགྱུར། །དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དག། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །སྦྱིན་དང་སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་པ་དག་སྐྱེ་བོ་མང་ལ་བྱེད། །སྤྱོས་ཤིང་བརྒྱད་ཀྱང་ཁྲོ་བའི་དངོས་མི་སྐྱེད། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར། །མིར་གྱུར་ན་ཡང་མིའི་རྒྱལ་པོར་འོང་། །དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །དེ་ནི་གཞར་ཡང་ངན་སོང་ཕྱིས་མི་ལྷུང་། །འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤོང་། །ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མང་འགྱུར། །ཡོད་ཏན་ལྡན་ལ་ཚིག་གཅིག་སུ་སྨྲ་བ། །དེ་ནི་མི་རིགས་སྔགས་ལ་གཞར་མི་སྤྱོད། །མི་ཡི་འཇིག་རྟེན་གནས་མིན་སྤྱོད་མི་འགྱུར། །དེ་ལ་སེམས་ཅན་མི་ངོམས་དགའ་བར་འགྱུར། །གསལ་རྒྱལ་ཚིགས་བཅད་ལས། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར། །ཞེས་དང་། བསླབ་བཏུས་སུ་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་འདུལ་བ་དྲངས་པར། །དགེ་སློང་དག་དགེ་སློང་གིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟ་ལགས་སོ། །དགེ་སློང་དག་དགེ་སློང་འདིས་ས་ཇི་ཙམ་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་ན་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ། དགེ་སློང་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ། །ཞེས་དང་། སྨན་མདོ་བརྒྱད་བརྒྱ་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་ཕྱག་འཚལ་ཞིང་དེ་ལ་མཆོད་པ་སྣ་ཚོགས་བྱེད་ན། དེ་དག་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །ཞེས་དང་། དཔལ་ལྡན་དཔའ་བོས། ས་བདག་འཁོར་ལོས་སྒྱུར་གང་ལ། ཐལ་མོ་སྦྱར་བ་བྱས་ནས་ནི། །འཁུར་བ་རྣ་རྒྱན་མཛེས་ལྷུང་བས། །གུས་ལྡན་ལེགས་པར་སྤྱི་བོ་ཡིས། །ལན་མང་དུ་ནི་ཕྱག་བྱེད་པ། །དེ་དག་སངས་རྒྱས་ཕྱག་བྱས་པའི། །འབྲས་བུ་ཡིན་ཞེས་མཁས་རྣམས་སྨྲ། །སྐྱེས་པ་ཙམ་གྱིས་གཙོར་འགྱུར་བའི། །རྟག་ཏུ་མཐོན་པོའི་རིགས་སྐྱེ་ཞིང་། །རྟ་དང་གླང་པོས་རྒྱུ་བྱེད་པ། །དེ་དག་བླ་མ་འཕགས་པ་ལ། །ལེགས་པར་ཕྱག་ནི་བྱས་པ་ཡིན། །སྙན་པ་ཡིས་ནི་ཁྱབ་འགྱུར་ཞིང་། །ངེས་པར་ལེགས་པར་འཛིན་པ་དང་། །གསལ་བར་བྱེད་པའི་འོད་ཀྱིས་ནི། །སྡུག་བསྔལ་ཐམས་ཅད་སྤོང་བྱེད་ཅིང་། །ནད་ནི་ཐམས་ཅད་འཇོམས་པར་བྱེད། །འཇིག་རྟེན་དུ་ནི་བདེ་འགྲོར་ངེས། །མི་དབང་གི་ནི་རྒྱུད་དུ་འགྱུར། །འབྲས་བུ་དཔལ་དང་ལྡན་པ་ཡང་། །ཐུབ་དབང་ཕྱག་བྱས་པ་ལས་ཡིན། །འཁོར་ལོས་སྒྱུར་རྒྱལ་སྟོབས་གྲགས་ལྡན། །ཡན་ལག་སུམ་ཅུ་གཉིས་མཚན་ལྡན། །རྒྱལ་འགྱུར་ས་སྟེང་གཙོ་བོ་སྟེ། །སངས་རྒྱས་ལ་ནི་ཕྱག་བྱས་པའི། །འབྲས་བུ་ཡིན་པར་བློ་ལྡན་གསུང་། །དེ་ལྟར་ཡོན་ཏན་ཚོགས་ཤེས་བས། །ལུས་འདི་འཇིག་པར་ཤེས་ནས་ནི། །མཁས་པ་སངས་རྒྱས་ཕྱག་བྱ་ཞིང་། །ལུས་ཀྱི་ལས་ནི་ལེགས་པར་སྤྱད། །ཕྱག་གཅིག་འཚལ་བར་གྱུར་པ་ཡིས། །འཁོར་བ་སྤོང་བའི་རྒྱུ་ཐོབ་ཅིང་། །འཁོར་བའི་འཇིགས་མཐོང་གུས་པ་ཡིས། །དེ་ལྟར་སུ་ཞིག་ཕྱག་མི་བྱེད། །ཅེས་སོ། །
རྟེན་རྣམས་ལ་མགོ་དང་ཡན་ལག་ལ་སོགས་པ་གཏུགས་པའི་ཕན་ཡོན་ནི།
དཀོན་ཅོག་ཏ་ལ་ལས། རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །ལུས་གཏུགས་བྱས་པས་ལུས་རྣམས་སྦྱོང་བ་ཐོབ། །སེམས་ཅན་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །མྱོས་པ་ཐམས་ཅད་སེམས་དང་ལྡན་པར་འགྱུར། །ཞེས་སོ། །སྙིང་རྗེ་པདྨ་དཀར་པོའི་སྨོན་ལམ་ལྔ་བརྒྱ་པ་ལས། ཐ་ན་སངས་རྒྱས་ཀྱི་མཚན་ལན་གཅིག་ཙམ་དང་། ཕྱག་གཅིག་ཙམ་དང་། སྐོར་བ་གཅིག་ཙམ་དང་། ཐལ་མོ་སྦྱར་བ་གཅིག་ཙམ་དང་། མེ་ཏོག་གཅིག་ཙམ་གྱི་རྒྱུས་མཆོད་པ་བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་པོ་དག་གི་སླར་མི་ལྡོག་པར་གྱུར་ཅིག་ཅེས་དང་། སྤྱན་རས་གཟིགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བློ་གྲོས་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། བྱུག་པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐར་ཡང་ཟད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན་བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་བོ། །མཚུངས་པ་མེད་དོ། །དཔག་ཏུ་མེད་དོ། །གྲངས་མེད་དོ། །དཔག་གིས་མི་ལང་ངོ་། །བརྗོད་དུ་མེད་དོ། །བློ་གྲོས་རྣམ་པར་དག་པ་སུ་ཞིག་དེ་བཞིན་གཤེགས་པ་ད་ལྟ་བཞུགས་ཏེ་འཚོ་ཞིང་གཤེགས་པ་ད་ལྟ་བཞུགས་ཏེ་འཚོ་ཞིང་གཞེས་པ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཡང་དག་པར་སེམས་ཉེ་བར་གཞག་སྟེ་བྱང་ཆུབ་ཏུ་གཞོལ་བའི་སེམས་བསྐྱེད་པས་ཕྱག་འཚལ་བ་དང་། ཕྱག་བྱེད་པ་དང་། བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། གསོལ་བ་དང་། བསྔགས་པ་དང་། སྐོར་བ་བྱེད་པ་དེའི་ཕན་ཡོན་ལྔ་ཡོངས་སུ་བཟུང་བར་འགྱུར་ཏེ། ལྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་སྐྱེད་པར་འགྱུར་བ་སྟེ་ཕན་ཡོན་ལྔ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། །དེ་ཆོས་བཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་འཛིན་པ་དང་། །དེ་ཡང་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པ་དང་། །བསྒྲུབས་ནས་ཀྱང་སངས་་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་