སྨོན་ལམ་འདེབས་པ།
བཞི་པ་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་ནི།
མདོ་སྡུད་པ་ལས། འདས་དུས་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་། །ཞིང་མང་མཐའ་ཡས་བྱེ་སྟོང་དག་ན་གང་བཞུགས་དང་། །གང་ཡང་མྱ་ངན་འདས་པའི་འཇིག་རྟེན་མགོན་པོ་རྣམས། །སྡུག་བསྔལ་ཟད་པར་བྱ་ཕྱིར་རིན་ཆེན་ཆོས་སྟོན་པ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྐྱེད་པ་ནས། །རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །དེ་བར་རྒྱལ་བ་དེ་དག་བསོད་ནམས་གང་ཡིན་པ། །ཕ་རོལ་ཕྱིན་དང་ལྡན་དང་སངས་རྒྱས་ཆོས་གང་དང་། །གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་དང་། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་ཞིང་། །འགྲོ་བའི་དོན་རྒྱུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་གསུངས་པ་བཞིན་དགེ་བ་ཆེ་ཆུང་གང་སྒྲུབ་ཀྱང་ཐམས་ཅད་ཀྱི་འཇུག་ཏུ་བསྔོ་བ་སྨོན་ལམ་མཛད་པ་ནི་ཤིན་ཏུ་གལ་ཆེ་བས་རང་གི་འཁོར་གསུམ་ཡོངས་དག་གི་བསྔོ་བ་ཤེས་ན་དེ་ལྟར་མཛད་རྒྱུ་དང་། མ་ཤེས་ན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་རྣམ་དཀར་གྱི་དགེ་རྩ་བསྟན་འགྲོའི་དོན་དུ་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་ཏུ་བདག་གིས་ཀྱང་རང་གཞན་གྱི་དུས་གསུམ་དུ་བསགས་པའི་དགེ་རྩ་མཐའ་དག་གཞན་དོན་དུ་བསྔོ་བ་བྱེད་རྒྱུ་ཡིན་པར་སེམས་ལ་བསམ་བཞིན་ངག་གི་སྒོ་ནས་འཇམ་དཔལ་དཔའ་བོ་སོགས་བསྔོ་བ་དང་སྨོན་ལམ་གྱི་ཚིགས་སུ་བཅད་པ་རྒྱས་བསྡུས་ཅི་རིགས་འདོན་པར་བྱའོ། །དེ་ལྟར་བསྔོ་བས་རྒྱས་འདེབས་པ་དང་སྨོན་ལམ་གྱིས་འཚམས་སྦྱར་བར་བྱས་ན་དགེ་རྩ་གང་བྱས་ཐམས་ཅད་རྫོགས་པའི་བྱང་ཆུབ་ཀྱིས་རྒྱུར་འགྲོ་བ་དང་དགེ་འབྲས་ལན་བརྒྱར་མྱོང་ཡང་སངས་རྒྱས་མ་ཐོབ་བར་དུ་མི་ཟད་པར་གོང་ནས་གོང་དུ་འཕེལ་བར་འགྱུར་བ་སོགས་དགོས་པ་དང་ཕན་ཡོན་ཡང་དཔག་དུ་མེད་པ་ཡོད་དེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་པ་དང་། རྗེ་བཙུན་མི་ལའི་ཞལ་ནས། རི་ལ་གནས་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་པར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །ཞེས་གསུངས་པ་བཞིན་དགེ་བ་རྫོགས་པའི་བྱང་ཆུབ་གྱི་རྒྱུར་འགྱུར་བའི་གནད་མ་འཆུག་པ་ནི་མཇུག་བསྔོ་བའི་རྒྱས་ཡོངས་སུ་ཐེབས་པ་འདི་ཁོ་ན་ལ་རག་ལས་པར་གསུངས་པས་ན་དགེ་རྩ་ཆེ་ཕྲ་གང་སྒྲུབ་ཀྱང་མཇུག་ཏུ་དགེ་རྩ་དེ་ཡོངས་སུ་བསྔོ་བ་ཤིན་ཏུ་གལ་ཆེ་བས་བརྗེད་མི་རུང་ངོ་། །དེ་བཞིན་ཏུ་སྨོན་ལམ་ཡང་གལ་ཆེ་སྟེ། བུ་མོ་ཟླ་མཆོག་ལུང་བསྟན་པའི་མདོ་ལས། འཇིག་རྟེན་བརྩེ་བའི་ཐུགས་རྗེས་བསྐྱེད་ནས་ནི། །སངས་རྒྱས་བསོད་སྙོམས་སླད་དུ་འཇིག་རྟེན་བརྒྱན། །གལ་ཏེ་རྒྱལ་བ་དེ་དག་མཆོད་འདོད་ན། །སངས་རྒྱས་ཉིད་ཕྱིར་ཁྱོད་ཀྱི་སྨོན་ལམ་ཐོབས། །ཞེས་དང་། འབྲི་གུང་སྐྱོབས་པ་རིན་པོ་ཆེའི་ཞལ་ནས། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་སོགས་གསུངས་པ་བཞིན་བསྔོ་བ་དང་སྨོན་ལམ་རྣམ་དག་གི་རྒྱས་འདེབས་པ་གལ་ཆེ་བས་མདོར་བསྡུས་ཙམ་སྨོས་སོ། །ཞོར་ལ་དེ་ལྟར་ཞི་བདེའི་གསེར་སྡོང་ཆེན་མོ་འདིའི་དཀར་ཆག་བསྒྲིགས་སྦྱོར་བྱེད་པ་པོ་བདག་ལ་མཚོན་ན་སྐྱེས་སྦྱང་གི་ཤེས་རབ་དམན་ཞིང་ལོ་རྒྱུས་སོགས་ལ་མཐོང་རྒྱ་ཆུང་བའི་རྐྱེན་གྱིས་བརྗོད་བྱ་དང་བརྗོད་བྱེད་གཉིས་ཀའི་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ཅན་ཡིན་པས་སྐྱོན་མཐའ་དག་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་དང་ཆོས་ཀྱི་སྤྱན་མངའ་བའི་སྐྱེས་འཕགས་ཐམས་ཅད་ལ་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ཏེ་མཐོལ་བཤགས་བཟོད་གསོལ་ཞུ་བ་དང་ཆབ་ཅིག་ཏུ། མཁན་རིན་པོ་ཆེ་བསྟན་འཛིན་འོད་ཟེར་མཆོག་གི་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་བཀའ་དྲིན་བརྩོན་པ་ལྷུར་ལེན་པ་སོགས་ལ་བསྟེན་ནས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་གྲྭ་ལག་དགོན་བཤད་སྒྲུབ་མདོ་སྔགས་གླིང་འདིར་འཛམ་གླིང་ཞི་བདེའི་གསེར་སྡོང་ཆེན་མོ་མཐོང་བ་རང་གྲོལ་སྲིད་གསུམ་ཐ་གྲུ་ཡངས་པའི་རྒྱན་གཅིག་ཅེས་མིང་དོན་དང་ལྡན་པ་འདི་ཉིད་ལེགས་གྲུབ་བྱུང་བ་ལ་དགའ་བས་རྗེས་སུ་ཡི་རངས་དང་བཅས་ཏེ་རིས་མེད་དད་ལྡན་རྣམས་ལ་ཅུང་ཟད་ཨེ་ཕན་སྙམ་པའི་ལྷག་བསམ་རྣམ་དག་གིས་མདོ་རྒྱུད་བསྟན་བཅོས་རྣམས་ན་མཁས་གྲུབ་རྣམས་ཀྱིས་ལེགས་པར་གསུངས་ཟིན་པ་རྣམས་ལ་ཁུངས་བཅོལ་ནས་དཀར་ཆག་འདི་ཉིད་བསྒྲིག་པ་ཁོ་ན་མ་གཏོགས་རང་ཉིད་ཀྱིས་ཆེ་འདོད་དང་གྲགས་འདོད་མཁས་མདོག་སོགས་འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་སློང་དང་། རང་བཟོ་ཁོ་ནས་འཁྱོག་བཤད་དང་། སྤོམ་བཤད་སོགས་གཏན་ནས་མིན། དེའི་ཕྱིར་འདིར་བྲིས་པ་ལ་རྣམ་དཀར་གྱི་དགེ་རྩ་ཅུང་ཙམ་མཆིས་ན་མཁན་ཆེན་དམ་པ་བསྟན་འཛིན་འོད་ཟེར་མཆོག་གིས་གསེར་སྡོང་འདི་ཉིད་ལེགས་པར་བཞེངས་པ་དང་དེ་ལ་འབྲེལ་བ་ཐོགས་ཚད་ཀུན་གྱིས་རྣམ་དཀར་དགེ་བའི་ཆུ་ཀླུང་ཆེན་པོ་དང་ལྷན་ཅིག་ཏུ་འགྲོགས་ཏེ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་རྒྱ་མཚོ་ཀུན་གྱི་ཟག་མེད་བསྔོ་བའི་རྒྱ་མཚོ་ཆེན་པོའི་ཀླུང་དུ་བབས་ནས་དེ་དག་གི་ཐུགས་བསྐྱེད་དང་བསྔོ་བ་སྨོན་ལམ་ཇི་བཞིན་ཏུ་འགྱུར་བར་ཤོག།
རྣམ་དཀར་འདིས་མཚོན་དུས་གསུམ་དགེ་རྩ་ཀུན། །སྡུག་བསྔལ་ཆུ་བཞིའི་རླབས་ལ་བྱིང་བ་ཡི། །ཉམ་ཐག་འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་ཏེ། །བདེ་ལྡན་ཐར་བའི་གླིང་དུ་བསྒྲོད་ཕྱིར་བསྔོ། །
སྲིད་ཞིའི་ཕན་བདེ་མ་ལུས་འབྱུང་བའི་གནས། །སྲས་བཅས་རྒྱལ་བའི་ཆོས་ཚུལ་མཐའ་དག་ཀུན། །མཁས་གྲུབ་ཀླུ་དབང་བྱེ་བས་བརྒྱན་བཞིན་དུ། །སྲིད་མཐར་མི་ནུབ་དར་ཞིང་རྒྱས་ཕྱིར་བསྔོ། །ལྷག་བསམ་ཤེལ་དཀར་མེ་ལོང་གསལ་བའི་གཞིར། །དྲང་པོར་ཤར་བའི་དཀར་ཆག་འདི་བརྩམས་པས། །རྣམ་དཀར་ཆུ་ཀླུང་ཇི་སྙིད་མཆིས་པ་རྣམས། །རྒྱལ་ཀུན་སྨོན་ལམ་རྒྱ་མཚོར་འདྲེས་གྱུར་ཅིག། །གང་གི་ཐུགས་བསྐྱེད་སྨོན་ལམ་ལས་གྲུབ་པའི། །ཞི་བདེའི་གསེར་སྡོང་ཡིད་བཞིན་ནོར་བུ་མཆོག། །ཇི་སྲིད་འབྱུང་བཞིའི་གནོད་པས་མ་ཞིག་བར། །སྲིད་གསུམ་སྐྱེ་དགུའི་མགོན་དུ་རྟག་གནས་ཤོག། །
རྟེན་མཆོག་འདི་ཉིད་མཐོང་ཐོས་དྲན་རེག་དང་། །བཟང་ངན་ལས་ཀྱི་འབྲེལ་བ་ཐོགས་ཚད་ཀུན། །ཕྱི་ནང་ཉེར་འཚེའི་གནོད་པ་ཀུན་བྲལ་ཏེ། །མངོན་མཐོ་ངེས་ལེགས་གོ་འཕང་མཆོག་ཐོབ་ཤོག། །བསྟན་པ་རིན་ཆེན་གཡུལ་རྒྱལ་ལྷ་ཡི་རྔ། །ལུང་རིག་དྲི་མེད་ལམ་ནས་བརྡུང་བའི་སྒྲས། །ས་གསུམ་གནས་སུ་ཁྱབ་དང་ཆབ་ཅིག་ཏུ། །དཀར་ཕྱོགས་དགའ་བའི་རྒྱལ་མཚན་ཚུགས་གྱུར་ཅིག། །ཡངས་པའི་རྒྱལ་ཕྲན་ཕྱོགས་ཀྱི་ཆུ་ཀླུང་ཀུན། །ཉེར་འཚེའི་འཁྲུག་རྩོད་རྙོགས་མ་ཡོངས་བྲལ་ཏེ། །མཐུན་སྒྲིལ་བྱམས་བརྩེའི་རླབས་ཕྲེང་དང་འགྲོགས་ནས། །འཛམ་གླིང་ཞི་བདེའི་རྒྱ་མཚོར་རོ་གཅིག་ཤོག། །ཆོས་ལྟར་བཅོས་པའི་གཟུགས་བརྙན་ཙམ་མིན་པར། །རིས་མེད་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །རྒྱལ་བསྟན་སྙིང་པོར་འཛིན་པའི་སྐྱེས་ཆེན་རྣམས། །ཞབས་པད་བརྟན་ཅིང་བཞེད་དོན་འགྲུབ་པར་ཤོག། །བདག་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ཡང་དག་བཤེས་གཉེན་མཆོག་དང་མི་འབྲལ་ཞིང་། །ཚུལ་གནས་ཐོས་བསམ་སྒོམ་པས་རྒྱུད་ཕྱུག་སྟེ། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག། །དེ་ལྟར་ལྷག་བསམ་དགེ་བའི་ས་བོན་ཉིད། །མཆོག་གསུམ་ཐུགས་རྗེའི་བརླན་གྱིས་ཡོངས་འཁྱུད་ཅིང་། །བསླུ་མེད་རྟེན་འབྲེལ་དུས་སུ་འཛོམ་པ་ལས། །སྨོན་པའི་འབྲས་བཟང་མྱུར་དུ་སྨིན་གྱུར་ཅིག། །རབ་དཀར་གངས་ལྗོངས་ལྷ་ཡི་སྐྱེད་ཚལ་དུ། །སྡེ་བཞིའི་དཔལ་ཡོན་མེ་ཏོག་བཞད་དང་ལྷན། །རྫོགས་ལྡན་དགའ་བས་སྦྲང་རྩིའི་རོ་མཆོག་གིས། །སྐལ་བཟང་བུང་བ་འཚོ་བའི་བཀྲ་ཤིས་ཤོག།།རྒྱ་ཆེན་ཚོགས་གཉིས་རྒྱ་མཚོའི་ཆུ་གཏེར་ལས། །ལེགས་འཁྲུངས་ཡོན་ཏན་ནོར་བུའི་ཕུང་པོ་མཆོག།།ཕན་བདེའི་དཔལ་གྱུར་ལྷ་མིའི་མཆོད་སྡོང་ཆེ། །བསླུ་མེད་མཆོག་གསུམ་དམ་པའི་བཀྲ་ཤིས་ཤོག །