བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

བདུག་སྤོས།

བྱུག་པ་ཕུལ་བའི་ཕན་ཡོན་ནི།

    
   དཀོན་མཆོག་ཏ་ལ་ལས། སྤོས་རབ་སྣང་བའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པས། །མི་ལ་མེད་སྤོས་ཡིད་འོང་ཚོར་གྱུར་ནས། །སངས་རྒྱས་ཡོན་ཏན་རྣམས་ལ་ངེས་པར་འགྱུར། །མི་དང་ལྷ་ཡི་སྤོས་དང་བྱུག་པ་ཡི། །མི་ཡི་གཙོ་ལ་མཆོད་པ་རབ་བྱས་ཏེ། །སྤོས་ལས་རྒྱལ་བའི་གཟུགས་དང་མཆོད་རྟེན་དག། །བྱས་པས་སྤོས་རབ་སྣང་བ་དེ་གྲུབ་བོ། །ཞེས་དང་། རྣམ་པར་སྨིན་པ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱུག་སྤོས་ཕུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་བྱུག་སྤོས་ལྟ་བུར་འགྱུར་བ་དང་། སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང་། ལུས་ལ་དྲི་མི་ཞིམ་པ་མེད་པར་འགྱུར་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར། གཟུགས་བཟང་པར་འགྱུར་བ་དང་། འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་། །ཡིད་དུ་འོང་བའི་ཆོས་རྣམས་ཐོས་པར་འགྱུར་བ་དང་། ལོངས་སྤྱོད་ཆེན་པོར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཆོས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱུག་སྤོས་ཕུལ་བའི་ཕན་ཡོན་ནོ། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། གང་གིས་སྤོས་ཆུ་ཡུངས་འབྲུ་ཙམ་བླངས་ཏེ། །བཅོམ་ལྡན་མཆོད་རྟེན་རྣམས་ལ་བདུག་བྱེད་པ། །དེ་ཡི་ཕན་ཡོན་བརྗོད་ཀྱིས་སེམས་དང་ཞིང་། །རྡུལ་དང་དྲི་མ་སྤོང་ལ་མཉན་པར་བགྱིས། །དེ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ། །ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལ། །སྤྱད་པ་རྣམ་པར་སྤྱོད་ཚེ་མྱ་ངན་འདུལ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་། །རྒྱལ་པོ་ཐོབ་ནས་རྒྱལ་བ་མཆོག་བཀུར་འགྱུར། །མཐུ་ཆེན་རབ་མཁས་འཁོར་ལོས་སྒྱུར་འགྱུར་ཏེ། །གསེར་གྱི་མདོག་ལྡན་མཚན་གྱི་གོ་ཆ་ཅན། །འཇིག་རྟེན་ཀུན་ན་ཡིད་འོང་དྲི་ལྡན་ཐོབ། །དེ་ལ་ཡིད་མི་བདེ་དང་སྡུག་བསྔལ་མེད། །སྤྱད་པ་སྤྱད་ཚེ་ལོངས་སྤྱོད་ཉམས་མི་འགྱུར། །ཕྱུག་ཅིང་ནོར་ལྡན་མཛོད་ནི་རབ་ཏུ་མང་། །མྱ་ངན་མེད་གྱུར་འཇིག་རྟེན་ཀུན་ཏུ་རྒྱུ། །སྐྱེ་བོ་མང་པོ་ལྷགས་ཏེ་དེ་ལ་འདྲི། །རྒྱལ་བ་མཆོག་གི་བསྟན་པ་ཁྱད་འཕགས་ཆོས། །ཚིག་རབ་བརྗོད་ཅིང་ཐེ་ཚོམ་སེལ་བར་བྱེད། །ཆོས་ཐོས་ཡིད་བདེ་སླར་ཡང་སྨྲ་བར་བྱེད། །སྡིག་པའི་ལས་མེད་བློ་རྒྱ་ཆེ་དང་ལྡན། །རྒྱལ་བས་གསུངས་པའི་ཆོས་མཆོག་ཁྱད་འཕགས་པ། །དགའ་བར་འགྱུར་ལ་རྟག་ཏུ་མཁས་བྱས་ཏེ། །མིག་ཀྱང་སྤྱོང་ཞིང་མུན་པ་སེལ་བར་བྱེད། །འདོད་ཆགས་མི་ཆེ་ཞེ་སྡང་ཆེ་མ་ཡིན། །མི་ཡི་འཇིག་རྟེན་གཏི་མུག་ཆེ་མ་ཡིན། །དེ་ནི་ཚངས་སྤྱོད་དག་པ་མཆོག་འདི་སྤྱོད། །མི་ཡི་དོན་ནི་དཔག་ཏུ་མེད་པ་བྱེད། །བཅོམ་ལྡན་མཆོད་རྟེན་རྣམས་ལ་སྤོས་བདུགས་ན། །དེ་ལ་གནོད་པར་སེམས་པ་སུ་ཡང་མེད། །དེ་ནི་ནམ་ཡང་ལོངས་སྤྱོད་ཉམས་མི་འགྱུར། །བལྟ་བར་འོས་ཤིང་ནོར་ཆེན་ལྡན་པར་འགྱུར། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་རྣམས་སུ། །སེམས་ནི་རྣམ་དག་སྡིག་པ་རྣམ་དག་ཅིང་། །ཞི་ཞིང་རབ་ཞི་ཞི་དུལ་ལྡན་གྱུར་ནས། །མི་དམན་སེམས་ཀྱིས་བྱང་ཆུབ་མཚུངས་མེད་ཐོབ། །སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས། །མྱ་ངན་མེད་བདེ་ཞི་བ་མཆོག་བཀོད་ཅིང་། །འཁོར་ལོ་མཚུངས་མེད་འཇིག་རྟེན་ཀུན་བསྐོར་ནས། །ཕྱི་ནས་ཉོན་མོངས་རྡུལ་མེད་མྱ་ངན་འདས། །ཞེས་དང་། དྲི་ཞིམ་ཡིད་འོང་སྤོས་ཀྱི་ཆོ་ག་བཞིན། །སངས་རྒྱས་མཆོད་བརྟེན་ལ་ནི་སུ་སྐུད་པ། །དེ་ནི་ཐོབ་རྙེད་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་ནི་ས་འདིར་སྙིང་པོ་བླངས་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་གྱུར་ཚེ། །འཛམ་བུའི་གླིང་དུ་སྐྱེ་བར་མི་འགྱུར་ཞིང་། །དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བས་ནི། །དྲི་མི་ཞིམ་དང་མི་གཙང་སྨད་པ་རྣམས། །རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས། །དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདིར་སྤྱོད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །འདི་ནས་ཤི་འཕོས་མཐོ་རིས་ལྷ་དབང་འགྱུར། །རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག། །ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཀྱང་བྱེད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །གང་གི་ཆ་ན་མི་ཡི་འཇིག་རྟེན་ན། །ཞེ་སྡང་མེད་སེམས་འཇམས་ཞིང་མཉེན་གྱུར་པ། །དེ་ཚེ་དེ་ན་འཛམ་བུའི་གླིང་དུ་གནས། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །ཁྱད་འཕགས་ཚོགས་ལྡན་སྒྲ་དབྱངས་ཡིད་འོང་འགྱུར། །སྐྱེ་བོ་མང་པོ་ཡིད་འོང་དགའ་ཞིང་བཀུར། །དེ་ཡི་ཁ་བཞིན་རྟག་ཏུ་གསལ་བར་འགྱུར། །རྒྱལ་བའིམཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དེ་ནི་ངན་སོང་ས་རྣམས་མ་ལུས་སྤངས། །དེ་བཞིན་གཤེགས་དང་ཉེ་བ་ཐོབ་པར་འགྱུར། །དད་པ་ཐོབ་ཅིང་རྟག་ཏུ་བདེ་ལ་དགའ། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། རྒྱལ་པོ་སྟོབས་ལྡན་འཁོར་ལོས་བསྒྱུར་བར་འགྱུར། །བློན་པོ་ཚོང་དཔོན་ཁྱིམ་བདག་བསོད་ནམས་ལྡན། །ཆོས་རྗེ་འོད་མཛད་སངས་རྒྱས་སུ་ཡང་འགྱུར། །ཞེས་དང། གསལ་རྒྱལ་གྱི་མདོ་ལས། མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་གཙང་ཞིང་དྭངས་བས་ཁྲུས་གསོལ་པ། །དེ་དག་ལུས་ལ་དྲི་མ་མེད་པ་དང་། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །ཅེས་དང་། སངས་རྒྱས་མཆོད་རྟེན་དག་ལ་དྲི་ཞིམ་ཕུལ། །བདུག་སྤོས་རྒྱ་ཆེན་མང་པོ་ལྡན་སྦྱར་དང་། །ཨ་ག་རུ་ཡི་བདུག་སྤོས་ཕུལ་བ་ཡིས། །དེ་ཡི་ལུས་ཀུན་སྤོས་དང་ལྡན་པར་འགྱུར། ཞེས་དང་། མཆོད་རྟེན་སྐོར་བའི་ཚིགས་བཅད་ལས། །མཁས་པ་གང་གི་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱི་སྤོས་ཆུས་དབང་བསྐུར་བ། །འཛམ་བུའི་ཆུ་ཀླུང་གསེར་གྱི་ཕུང་པོ་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། ཟླ་ཁོལ་ཀྱི་ཟ་མ་ཏོག་ལས། དྲི་ཞིམ་སྣ་ཚོགས་ཀྱིས་བསྒོས་པས། །བདེ་བར་གཤེགས་ལ་ཁྲུས་གསོལ་བ། །མེ་ཏོག་དྲི་ཡི་ཡན་ལག་མཛེས། །རབ་ཏུ་དགའ་བའི་ཡིད་ཀྱིས་སུ། །རོལ་མོའི་སྒྲ་ནི་སྙན་པ་ཡི། །དལ་གྱིས་འབབ་དང་སྟབས་མགྲིན་བརྗིད། །གསེར་གྱི་རང་བཞིན་པད་མ་ཡི། །གེ་སར་རྡུལ་གྱི་ཁྱབ་པ་རུ། ཁྲུས་གསོལ་གང་ཞིག་མཆོད་བྱེད་པ། །དེ་དག་རྙོག་པ་ཐམས་ཅད་ཀྱིས། །དྲི་མ་བཀྲུས་ནས་ཐར་བ་ཐོབ། །
ལྷ་ཡི་བུ་མོ་ནུ་འབར་རྒྱས་མཐོང་ཞིང་། །རྐེད་པ་ཡངས་པ་ལ་འབབ་གཡོ་བ་དང་། །འཛམ་བུའི་གསེར་འདྲའི་པདྨ་གེ་སར་གྱི། །རྡུལ་རྣམས་གཏོར་བ་ཡིས་ནི་དྲི་ཞིམ་ལ། །དལ་གྱི་འབབ་པའི་ནང་དུ་ལྷ་ཡི་ཚོགས། །རྒྱུན་དུ་ཆུ་རྣམས་ལ་ནི་རྩེ་བྱེད་པ། །གང་ཞིག་དགའ་བ་སྣ་ཚོགས་དྲི་ཞིམ་ཆུས། །རྗེ་བཙུན་ཁྲུས་གསོལ་བ་ཡི་འབྲས་དེ་ཡིན། །གླ་རྩི་ག་པུར་ཙན་དན་གུར་གུམ་བསྒོས། །དྲི་ཞིམ་ཆུ་ནི་ཡིད་འོང་བ། །ཁ་དོག་དཀར་སེར་བྱེ་བྲག་གིས། །ཡིད་འོང་ཐུབ་པ་ཁྲུས་གསོལ་འདིར། །སེམས་ཀྱི་དྲི་མ་སྤང་ནས་ནི། །
དེ་ནི་འགྲོ་བའི་བླ་མར་འགྱུར། །ཁྲུས་བྱེད་ལྷ་ཡི་བུ་མོ་མཆོག། རྐེད་ལྡན་བརླ་དང་ནུ་མ་རྒྱས། །འདམ་སྐྱེས་མགོ་ལྕོག་རྒྱས་འཐོར་ཞིང་། །ལྷ་དབང་དལ་བབ་ཁྲུས་བྱེད་ཅིང་། །མཛེས་ཤིང་འདོད་པས་གཡོ་བ་ནི། །འགྲོ་མཆོག་ཡང་ཡང་མཉེས་བྱེད་ཡིན། །དེ་ནི་སྤོས་ཆུ་རོལ་མོ་དང་། །བདུག་པ་དང་ནི་མེ་ཏོག་ཕྲེང་། །སྤྱིན་པ་བཏང་བའི་འབྲས་བུ་ཡིན། །གང་ཞིག་འཁོར་ལོས་བསྒྱུར་རྒྱལ་ལ། །མཁའ་ལ་གུར་ཀུམ་སྤྲིན་ཚོགས་དང་། །ག་པུར་གྱི་ནི་ཆུ་རྒྱུན་དང་། །མ་ལ་ཡ་ཡི་ཙན་དན་བཞིན། །རྫ་རྔ་པི་ཝཾ་་རྔ་མཆོག་གིས། །བདེ་བར་གཤེགས་མཆོག་མཆོད་བྱེད་པ། །ལྷ་དང་མི་ཡི་སྒྲ་རྣམས་ཐོས། །ཁྱད་འཕགས་ལྷ་ཡི་རྣ་བ་ཐོབ། །ཅེས་སོ། །