བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

ན་བཟའ།

བླ་བྲེ་ཕུལ་བའི་ཕན་ཡོན། ཅོད་པན་ཕུལ་བའི་ཕན་ཡོན།


   གསལ་རྒྱལ་ཚིག་བཅད་ལས། སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ། །དད་པའི་སེམས་ཀྱིས་བླ་རེ་འབུལ་བྱེད་པ། །དེ་དག་ས་སྟེང་རྒྱ་མཚོའི་མཐའ་ཀླས་པ། །མ་ལུས་གནོད་མེད་རྒྱལ་གཅིག་དབང་ཕྱུག་འགྱུར། །ཞེས་དང་།        
   དེ་ཉིད་ལས། བདེ་གཤེགས་མཆོད་རྟེན་ཅོད་པན་བཏགས་པ་ཡིས། །མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང་། །བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས། །རྣམ་པར་གྲོལ་བའི་ཅོད་པན་ཁྱད་པར་འཐོབ། །ཅེས་དང་། 

 

 

གོས་དར་ལ་སོགས་པའི་གདུགས་ཕུལ་བའི་ཕན་ཡོན།

 

   ལས་རྣམས་འབྱེད་ཀྱི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་བཅུ་ཡོད་དེ། །བཅུ་གང་ཞེ་ན། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ་དང་། ལུས་ཚ་བས་གདུང་བ་མེད་པར་འགྱུར་བ་དང་། སེམས་ལ་གདུང་བ་མེད་པར་འགྱུར་བ་དང་། འཇིག་རྟེན་གྱི་རྟེན་དུ་འགྱུར་བ་དང་། བདག་པོར་འགྱུར་བའི་ལས་བྱེད་ཅིང་གསོག་པ་དང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡང་དག་པར་འཐོབ་པ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་བྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་ནོ། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་དམངས་མི་མཆོག་བཞུད་པའི་ཚེ། །འདྲེན་པ་མཚུངས་པ་མེད་ལ་དད་བྱས་ཏེ། །སྟོན་པའི་སྐུ་ལ་ཉི་ཟེར་མི་འབབ་པར་། །མེ་ཏོག་མ་ལི་ཀ་གདུགས་བཅོམ་ལྡན་ཕུལ། །དེ་ནི་ལུས་མཛེས་དམ་པ་གུས་བྱས་པ། །ལྷ་དབང་བརྒྱ་བྱིན་དུ་ནི་ལན་འབུམ་འགྱུར། །འཇིག་རྟེན་ཀུན་ཏུ་ཚངས་པའི་བདག་པོར་འགྱུར། །རྒྱལ་བའི་མཆོད་རྟེན་ལ་ནི་བུམ་ཕུལ་ན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོབས་ལྡན་འགྱུར། །སྟོང་ཕྲག་བཅུ་ལ་དབང་བར་དེ་གྱུར་ཏེ། །ནོར་ཆེན་རབ་ཏུ་མཛོད་མང་ཚོང་དཔོན་གྱུར། །ཁྱིམ་བདག་བློ་ལྡན་བསོད་ནམས་དང་ལྡན་འགྱུར། །བདེ་གཤེགས་མི་མཆོག་བྱེ་བ་ཉི་ཤུ་དག། ངས་ནི་མཉེས་བྱས་གཟིམས་ཆ་ན་བཟའ་ཡིས། །མི་མཆོག་དག་ལ་བླ་མར་སྟི་བསྟང་བྱས། །དེ་དག་གཙུག་ལག་ཁང་ལ་སྤོས་ཀྱིས་བསྐུས། །དེ་ཡི་ཁ་དོག་ངན་པ་ཀུན་མེད་གྱུར། །དེས་ནི་ཚ་དང་གྲང་དང་ངལ་བ་སྤངས། །སངས་རྒྱས་སྤྱན་སྔར་དམན་མེད་སེམས་གྱུར་ཅིང་། །དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད། །རྒྱན་གྱིས་བརྒྱན་པའི་གདུགས་མཛེས་བལྟ་སྡུག་པ། །སུ་ཞིག་བཅོམ་ལྡན་མཆོད་རྟེན་འབུལ་བྱེད་པ། །དེ་འདིར་ལུས་ནི་མཚུངས་པ་མེད་འགྱུར་ཏེ། །སུམ་བཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །གང་གིས་རྒྱལ་བའི་སྐུ་ནི་རབ་འབར་ཞིང་། །ཁྱད་པར་འཕགས་པའི་གཟུགས་དང་སེམས་འདྲ་དང་། །འཛམ་ཀླུང་གསེར་ལྟར་རབ་མཛེས་ལྟ་ན་སྡུག། མཚན་གྱི་མེ་ཏོག་རྒྱས་པས་མངོན་དུ་གང་། །མངོན་པར་ཤེས་པ་ཐོབ་ཅིང་དབང་ཆེན་གྲགས། །བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད། །དེ་ནི་ནམ་ཡང་ལོང་སྤྱོད་འགྲིབ་མི་འགྱུར། །ལྷས་ཀྱང་སྟི་བསྟང་བྱ་ཞིང་མཆོད་པར་འོང་། །བསྟན་པ་འདོད་པའི་ལོངས་སྤྱོད་གཞར་མི་དཀའ། །ཚུལ་ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད། །ཡི་དམ་བཅས་ནས་ནགས་དང་ནགས་འདབ་སོང་། །མངོན་ཤེས་ཐོང་ཅིང་ཁྱད་པར་ཐོབ་པར་འགྱུར། །བཅོམ་ལྡན་མཆོད་རྟེན་རྣམས་ལ་གདུགས་འབུལ་བ། །ཇི་ལྟར་བུ་ཡང་བྱང་ཆུབ་སེམས་མི་འདོར། །བྱམས་ལ་གནས་ཤིང་མི་དམན་སེམས་སུ་འགྱུར། །དེ་ཡི་ཤེས་པ་ནམ་ཡང་ཉམས་པ་མེད། །ཅེས་དང་། གསལ་རྒྱལ་གྱི་མདོ་ལས། བདེ་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ། རྣམ་མང་རྒྱ་ཆེན་གདུགས་ནི་བཏགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར། །ལྷ་དང་མི་ཡི་དབང་པོ་ལྟ་བུར་འགྱུར། །ཞེས་དང་། མ་ཁོལ་གྱི་ཟ་མ་ཏོག་ལས། །རྟ་གླང་རྐང་ཐང་ཤིང་རྟ་དང་། །རིན་ཆེན་རྣམ་བདུན་རྣམས་དང་ནི། །དབའ་བོ་བུ་སྟོང་དང་བཅས་པར། །མཁའ་ལ་འཁོར་ལོས་སྒྱུར་འགྲོ་ཞིང་། །ཟླ་བ་ལྟ་བུའི་གདུགས་ཀྱིས་ནི། །ཉི་མའི་འོད་ཟེར་སྒྲིབ་བྱེད་ཅིང་། །འབྲས་བུ་མང་ལ་རྒྱ་ཆེ་བ། །གདུགས་ཕུལ་བ་ལས་བྱུང་བ་ཡིས། །བུང་བའི་ཡིད་འོང་སྒྲ་ཡིས་བསྐྱོད། །མེ་ཏོག་གཡོ་བ་འཁོར་བར་བཀོད། །ཁ་དོག་སྣཚོགས་དྲི་ཞིམ་པའི། །མེ་ཏོག་ཚོགས་ཀྱི་རི་མོར་བྲིས། །གདུགས་མཛེས་སྣ་ཚོགས་དར་གྱིས་བརྒྱན། །མཆོད་རྟེན་རྣམས་ལ་ཕུལ་བ་ཡིས། །འཁོར་ལོས་བསྒྱུར་བ་ས་སྐྱོང་བ། །གླིང་བཞིའི་དབང་ཕྱུག་དེ་ཡིས་འཐོབ། །ཉི་མའི་འོད་ཟེར་གསེར་གདུགས་ཐོགས། །དཔལ་ལྡན་དུལ་བའི་གླང་པོ་མཆོག། རིན་ཆེན་དུ་མས་བརྒྱན་པ་ཞོན། །རྫུ་འཕྲུལ་བརྒྱ་བྱིན་དང་འགྲན་པའི། །གླིང་བཞི་ཡི་ནི་འཁོར་ལོས་སྒྱུར། །ས་རྣམས་མ་ལུས་སྐྱོང་བར་བྱེད། །དེ་དག་བདེ་གཤེགས་སྐུ་གདུང་ལ། །མེ་ཏོག་གདུགས་ཕུལ་འབྲས་བུ་ཡིན། །ཞེས་སོ། །

 

རིན་པོ་ཆེ་ཕུལ་བའི་ཕན་ཡོན་ནི།

   གསལ་རྒྱལ་གྱི་མདོ་ལས། སྐྱེ་བོ་སུ་དག་འཇིག་རྟེན་མགོན་པོ་ལ། །རིན་ཆེན་འབར་བ་ཡིད་དང་འཐད་པ་རྣམས། །འབུལ་བ་དེ་དག་རིན་ཆེན་བདུན་པོ་དང་། །བྱང་ཆུབ་ཡན་ལག་རིན་ཆེན་དྲི་མེད་ཐོབ། །ཅེས་དང་།

དྲ་བ་དྲྭ་ཕྱེད་པའི་ཕུལ་པའི་ཕན་ཡོན་ནི། 

  སྤྱན་རས་གཟིགས་ཀྱི་མདོ་ལས། དགའ་བའི་སེམས་ཀྱིས་མགུ་བའི་ཤུགས་བསྐྱེད་དེ། བཅོམ་ལྡན་མཆོད་རྟེན་ནོར་བུའི་དྲ་བ་འབུལ། །དེ་ནི་རྒྱལ་པོ་མཚན་གྱི་ཆེ་ག་ཅན། །མཐུ་ཆེན་བླ་མ་འཁོར་ལོས་སྒྱུར་བར་འགྱུར། །བལྟ་འོས་མཚན་གྱི་གོ་ཆ་ལྡན་གྱུར་ནས། །གཞལ་མེད་ཁང་ཆེན་རབ་མཛེས་བལྟ་སྡུག་པ། །ཁ་དོག་སྣ་ཚོགས་དཔག་མེད་ལྡན་པ་དང་། །རིན་ཆེན་ཁང་བཟང་ཆེ་འོས་དག་པ་ཐོབ། །རྒྱལ་པོ་ཕོ་བྲང་ཁྱད་པར་འཕགས་གྱུར་པ། །སྐྱེས་པ་བུད་མེད་དག་གིས་གང་བ་དང་། །མཉམ་ཞིང་ལེགས་བྱས་རབ་མཛེས་བལྟ་སྡུག་པ། །དྲ་བ་སྣ་ཚོགས་བདེ་བྱེད་བདེ་འཇུག་ཐོབ། །རྒྱལ་མཚན་བ་དན་གསལ་བར་མཛེས་བྱས་ཤིང་། །གདུགས་བྲེས་ཤིན་ཏུ་མཛེས་ལ་བལྟ་སྡུག་དང་། །མུ་ཏིག་དྲ་བ་ཕྲེང་བ་དེ་འདྲ་བའི། །རྒྱལ་སྲིད་ཡོན་ཏན་ཁྱད་འཕགས་གཞན་ཡང་ཐོབ། །དེ་ཡི་ཡུལ་ན་གཞན་ནོར་འཇིགས་བྱེད་པ། །ཆོམ་རྐུན་གཡོ་ལྡན་གཡོན་ཅན་གནས་མི་འགྱུར། །སེམས་ཅན་རྒྱ་ཆེན་བློ་མཆོག་ལྡན་པ་དང་། །ཕན་བྱེད་བྱམས་སེམས་ལྡན་པ་དེ་ན་གནས། །ཤི་འཕོས་བག་ཡོད་་དེ་ནི་ལྟར་འགྲོ་སྟེ། །དཀར་ནག་གང་ཡིན་བདག་ཅན་ཇི་ལྟར་གནས། །འདི་ནས་ཤི་འཕོ་ཇི་ལྟར་མིར་སྐྱེས་ཞེས། །བློ་ལྡན་དེ་ནི་མཐོ་རིས་འདྲི་གནས་འགྱུར། །སངས་རྒྱས་སྤྱིན་གནས་མྱུར་དུ་མཐོང་འགྱུར་ཏེ། །མཐོང་ན་མཆོད་ཅིང་མཚུངས་མེད་སྟི་སྟང་བྱེད། །སངས་རྒྱས་མཐོང་ནས་བྱང་ཆུབ་མོས་སྐྱེད་ཅིང་། །རྡུལ་བྲལ་རྣམས་ལ་ཕྱིར་ཞིང་བསྟི་སྟིང་བྱེད། །ཡེ་ཤེས་མཐའ་ཡས་ལྡན་དང་མཐུ་ཆེན་འགྱུར། །ཁྱབ་པར་ས་གནས་འཕགས་པའི་སེམས་ཅན་འགྱུར། །བཅོམ་ལྡན་འདས་ལ་དད་པའི་སེམས་བསྐྱེད་ནས། །འདི་འདྲའི་དཔལ་འདི་ཕྱིར་ཞིང་མྱོང་བར་འགྱུར། །ང་ཡི་བྱ་བ་འདི་ནི་བརྗོད་པར་བྱ། །ངས་བརྗོད་འདི་ལ་ཐེ་ཚོམ་མ་བསྐྱེད་ཅིང་། །སངས་རྒྱས་བཀའ་སྤངས་མནར་མེད་འགྲོ་གྱུར་ཞིང་། །ཕྱིན་ཆད་སྡུག་བསྔལ་ཉོན་མོངས་གྱུར་ཏ་རེ། །ཞེས་སོ། །

 

སྙན་ཤལ་ཕུལ་བའི་ཕན་ཡོན་ནི། 

 

   སྤྱན་རས་གཟིགས་ཀྱི་མདོ་ལས། འཇིགས་མགོན་པོ་སྐྱོབ་པ་ལ། །དར་གྱི་དབུལ་བ་ཕུལ་བྱས་ནས། །ལྷ་ཡི་དག་དང་མི་རྣམས་ཀྱི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དམའ་བའི་རིགས་ནི་རྣམས་སྤང་ཏེ། །དེར་ནི་དེ་སྐྱེ་འགྱུར་མ་ཡིན། །ཕྱུག་ཅིང་ནོར་ཆེན་ལྡན་པ་དང་། །འཇིག་རྟེན་དབང་ཕྱུག་དེ་འགྱུར་རོ། །དེ་བཞིན་གཤེགས་ལ་མཆོད་བྱས་ན། །གཟུགས་དང་དོན་དང་ལོངས་སྤྱོད་དང་། །ཁ་དོག་དང་ནི་འབྱོར་པ་དང་། །ཀུན་ཏུ་གྲགས་དང་ལྡན་པར་འགྱུར། །དེ་ནི་ཚེ་རབས་དྲན་འགྱུར་ཞིང་། །འདོད་ཆགས་ཀྱིས་ཀྱང་འཕྲོགས་མི་འགྱུར། །འདོད་པ་རྣམས་ཀྱི་སྐྱོན་ཤེས་ཤིང་། །ཚངས་པར་སྤྱད་པ་སྤྱོད་པར་འགྱུར། །དེ་བཞིན་གཤེགས་པ་མཆོད་བྱས་ན། །གཟུགས་རྣམས་དང་ནི་སྒྲ་དག་དང་། །རོ་རྣམས་ཀྱིས་ཀྱང་མི་ཚུགས་ཤིང། །སྡིག་པའི་ལས་ནི་བྱེད་མི་འགྱུར། །རྣམ་པར་འདྲེན་པ་མཆོད་བྱེད་ན། །དེ་ནི་སྤོས་དང་མེ་ཏོག་གིས། །ནམ་ཡང་འཕྲོག་པར་མི་འགྱུར་ཞིང་། །དྲན་ལྡན་ཤེས་རབ་ལྡན་པར་འགྱུར། །དེ་བཞིན་གཤེགས་ལ་སུས་མཆོད་པ། །དེ་ཡི་ནོར་གྱི་ཕུང་པོ་ལ། །རྒྱལ་པོ་དང་ནི་ཆོམ་རྐུན་དང་། །མེ་དང་ཆུས་ཀྱང་རེག་མི་འགྱུར། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །དར་གྱི་དབུལ་བ་སུས་འབུལ་བ། །དེ་ནི་སྐམ་དང་མྱ་ངན་དང་། །ནད་བུ་ཅན་དུ་གཞར་མི་འགྱུར། །འཇིག་རྟེན་སྒྲོན་མ་མཆོད་བྱེད་པ། །ཚེ་རབས་དག་ནི་ཐམས་ཅད་དུ། །མྱ་ངན་མེད་ཅིང་གནོད་མེད་དང་། །འཁོར་ལོས་བསྒྱུར་བ་འབྱོར་ཆེན་འགྱུར། །འདྲེན་ལ་མཆོད་པ་བྱས་ན་ནི། །རྐང་པ་ལག་པ་མཉེན་འགྱུར་ཞིང་། །ཡན་ལག་རྣམ་པར་དག་འགྱུར་ལ། །གཟུགས་དང་ཁ་དོག་ལྡན་པར་འགྱུར། །སྡིག་པའི་ལས་ནི་རྣམ་སྤངས་ཏེ། །བྱང་ཆུབ་སྤྱད་པ་སྤྱོད་པར་བྱེད། །གང་དག་འཇིག་རྟེན་རབ་དཀོན་པ། །རྐང་གཉིས་མཆོག་རྣམས་མཐོང་བར་འགྱུར། །བསྐལ་པ་བྱེ་བ་སྟོང་རྣམས་དང་། །ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པར། །མཆོད་ཅིང་དེ་ལ་ཤེས་རབ་ལྡན། །བྱང་ཆུབ་དམ་པ་འཚང་ཡང་རྒྱ། །ཞེས་སོ། །