གཏོར་མ་དང་གཞན་དག
ཞལ་ཟས་ཕུལ་བའི་ཕན་ཡོན།
དེ་ཉིད་ལས། པདྨའི་འདབ་འདྲའི་ཡན་ལག་མཛེས། །འོད་གསལ་ཁ་དོག་དྲི་བཟང་ལྡན། །རོ་ཞིམ་རེག་ན་བདེ་བ་དང་། །ལྷ་དང་མི་ཡི་ཁང་བཟང་ནས། །འོད་གསལ་གསེར་གྱི་གཞོང་པ་རུ། །ལྷ་ཡི་བདུད་རྩི་བཀང་ཟ་བ། །དེ་དག་སངས་རྒྱས་ལ་སོགས་པའི། །
དགེ་འདུན་ཡུལ་དུ་ལྷག་པ་ལ། །ཞལ་ཟས་དྲངས་པའི་འབྲས་བུ་ཡིན། །རྡོ་རྗེ་གདན་ལ་བཞུགས་ནས་ནི། །འདོད་པའི་དགྲ་དང་བཅས་པ་ཡི། །ཚོགས་ནི་བྱམས་པས་ངེས་ཕམ་མཛད། །གང་ཞིག་མཐར་ཐུགས་དཀའ་བའི་ཡུལ། །མཐའ་མེད་པར་ནི་སྤྱོད་འགྱུར་བའི། །ཉོན་མོངས་དཀའ་བའི་དགྲ་ལས་རྒྱལ། །ཕུང་པོའི་བདུད་ཀྱང་རབ་བཅོམ་ནས། །འཆི་བདག་བདུད་ལས་མངའ་བརྙེས་པ། །ཞལ་ཟས་ཕུལ་བར་གྱུར་པས་ཡིན། །རོ་རྣམས་བྲོ་བའི་མཆོག་དང་ནི། །ཡན་ལག་ཚང་ཞིང་ཡོངས་རྫོགས་ལྡན། །བདེ་ཞིང་དཔལ་དང་སྟོབས་དང་ལྡན། །ཚེ་དང་སྟོབས་དང་ཁ་དོག་དང་། །གཟུགས་བཟང་བ་དང་ལྡན་པ་ནི། །མཁས་པས་ཟས་མཆོག་བཏང་ལས་བྱུང་། །སྟོབས་དང་བརྩོན་འགྲུས་ལྡན་པ་ཡི། །
རྣམས་གྲངས་ལས་ནི་ངེས་པར་རྒྱལ། །ཡང་དག་དཔལ་ཐོབ་མི་དབང་གིས། །རོ་ལྡན་ཁ་ཟས་ལོངས་སྤྱོད་པ། །རྟག་ཏུ་ཟས་མཆོག་སྤྱིན་ངེས་ཡིན། །
བཞོན་པ་ཕུལ་བའི་ཕན་ཡོན།
གསལ་རྒྱལ་ཚིག་བཅད་ལས། སུ་དག་གླང་ཆེན་དྲིལ་སྦྱངས་སྤ་བར་བརྒྱན། །དུལ་བའི་རྟ་དང་སྦྱར་བའི་ཤིང་རྟ་དག། སྟོན་པ་དང་ནི་འཕགས་པའི་ཚོགས་ལ་འབུལ། །དེ་དག་བླ་མེད་ཐེག་ཆེན་ཐོབ་པར་འགྱུར། །ཞེས་དང་།
མལ་སྟན་ཕུལ་བའི་ཕན་ཡོན།
སློབ་དཔོན་དཔའ་བོས། ཕྱོགས་དང་སྟན་ནི་མཉམ་པ་རུ། །འབོལ་སྟན་ལ་ནི་ཆུང་མ་ནི། །ནུ་མ་རྒྱས་དང་ལྷན་གཅིག་ཏུ། །མལ་སྟན་ལ་ནི་ས་བདག་ཉལ། །ཞེས་པའི་ཚོགས་ཡངས་དམ་པ་ལ། །དེ་ཡི་མལ་སྟན་ཕུལ་བས་ཡིན། རྐང་རྟེན་དང་བཅས་ཁྲི་ལ་ནི། །སྣ་ཚོགས་གོས་ཀྱིས་བརྒྱན་ལ་འདུག། དབྱངས་སྙན་རོལ་མོ་དང་མགྲིན་སྡེབས། །རིན་ཆེན་རང་བཞིན་སྟན་ལ་ནི། །དྲི་ཞིམ་པ་ཡི་བྱུག་པ་ཡིས། །དད་ལྡན་མལ་སྟན་ཆེན་པོ་ལ། དཔུང་པ་ལ་ནི་མགོ་སྟེན་ནས། །ཡུན་རིང་ལྷའི་ཁང་པ་རུ། །འཇིགས་པ་མེད་པར་བདེ་བར་ཉལ། །དེ་དག་མལ་ཆ་སྟན་རྣམས་ནི། །དགེ་འདུན་རྣམས་ལ་ཕུལ་བ་ཡི། །དེ་ནི་འབྲས་བུ་ཡིན་པར་བཤད། །ག་པུར་ཙན་དན་ཨ་ག་རུ། །ལུས་བྱུགས་པ་ཡི་ལྷ་མོ་ནི། །ནུ་མ་ཟུང་ལྡན་ལུས་བརྟེན་ནས། །གོས་མཆོག་འབོལ་སྟན་ལ་རྟག་ཉལ། །དེ་དག་མཆོད་རྟེན་རྣམས་ལ་ནི། །གདུགས་དང་གོས་ཁྲི་ཕུལ་བ་ཡིན། །
ཞེས་དང་། གཞན་ཡང་གསལ་རྒྱལ་གྱི་ཚིགས་བཅད་ལས། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པའི་ཁྱད་པར་ཅི་ཡོད་ཅི་འབྱོར་པ། །འཚམ་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་། །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་ཐོབ། །ཅེས་དང་། འཇམ་དཔལ་རྩ་རྒྱུད་ལས། སྤོས་དང་དྲི་དང་བྱུག་པ་ཡིས། །མཆོད་བྱ་བསྙེན་བཀུར་བྱ་བ་དང་། །རྣམ་པ་སྣ་ཚོགས་གོས་མཆོག་དང་། །གཞན་ཡང་ནོར་བུའི་གདུབ་ཀོར་རྒྱན། །རྣམ་པ་སྣ་ཚོགས་བཅའ་དང་བཟའ། །ཡང་དག་སྤྱར་བར་དབུལ་བར་བྱ། །རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས། །ཅི་འདོད་ཁ་ཟས་བྱས་པ་ལས། །དེ་བཞིན་སྔགས་ནི་བཟླས་བྱས་དབུལ། །སེམས་ཅན་དགེ་བའི་སྐྱེ་གནས་འགྱུར། །དམ་པའི་འགྲོ་བའི་སྐྱེ་གནས་སུ། །གྲོང་མཆོག་དག་ཏུ་སྐྱེ་བར་འགྱུར། །མཐར་ནི་བྱང་ཆུབ་གཞོལ་འགྱུར་ཞིང་། །ཕྱིས་ནས་ཞི་བར་ཡང་དག་འགྲོ། །ཞེས་དང་། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལས། ཕྱེ་མ་མེ་ཏོག་བཀར་ཏེ་འབུལ་བ་དང་། །གནོད་སེམས་སྤོང་ཞིང་སྐུ་གཟུགས་བྱེད་པ་དང་། །མོས་པ་རྒྱ་ཆེ་ལ་ནི་གནས་བྱེད་ན། །རྒྱལ་བ་དག་གི་ཐད་དུ་རྫུས་ཏེ་སྐྱེ། །ཞེས་དང་། དགེ་བ་དག་གི་བར་ཆད་མི་བྱེད་དང་། །གཞན་གྱི་ཆོས་གཏམ་དག་ལ་མི་དམོད་དང་། །རྒྱལ་བའི་མཆོད་རྟེན་དག་ལ་མར་མེ་འབུལ། །ཏིང་འཛིན་བསྒོམ་པས་དེ་ནི་ཞིང་དུ་འགྲོ། །ཞེས་དང་། །
རྔ་ཡབ་ཕུལ་བའི་ཕན་ཡོན་ཀྱང་།
སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བཞིན་རྔ་ཡབ་རྣམས་ནི་འབུལ་བྱེད་པ། །ཐུགས་དགའ་རྒྱལ་རྣམས་སྙིང་རྗེ་རྔ་ཡབ་ཐོགས། །ཆེ་བ་དེ་ལ་ཆེར་ཡང་གཡོབ་པར་བྱེད། །ཅེས་དང་།