བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

བོད་ཁུལ་གྱི་མཆོད་རྟེན།

   བོད་ཡུལ་འདིར་ནང་པ་སངས་རྒྱས་པའི་མཆོད་རྟེན་ཇི་ལྟར་བྱུང་ཞེ་ན། དེ་ཡང་བོད་ཀྱི་ཆོས་རྒྱལ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་ན་གཞོན་དུས་བོད་ཀྱི་ཕོ་བྲང་ཐོག་མ་ཡུམ་བུ་བླ་མཁར་རི་རྒྱུད་གོང་མར་ནོར་གྱི་བང་སོ་དྲྭ་མིག་ལྔ་པ་ཞིག་སྦས་པའི་སྒོ་ལ་བཀའ་རྟགས་མཆོད་རྟེན་བང་རིམ་གསུམ་པ་ཞིག་བརྐོས་ཚུལ་འཁོད་པ་དང་། ཁོང་དགུང་ལོ་དྲུག་ཅུ་བཞེས་པའི་སྐབས། གསེར་གྱི་མཆོད་རྟེན་སྤང་སྐོང་ཕྱག་རྒྱ་སོགས་ནམ་མཁའ་ནས་བབ་པའམ། ཡང་ན་ལོ་ཙཱ་བ་ལི་ཐེ་སེས་ཕུལ་བ་ཞེས་བཞེད་ཚུལ་གཉིས་འདུག་མོད། གང་ལྟར་ཡང་སྐབས་དེར་བོད་དུ་ནང་པ་སངས་རྒྱས་པའི་མཆོད་རྟེན་ཐོག་མར་བྱུང་བ་མངོན་ཞེས་ལོ་རྒྱུས་འགའ་ཞིག་ལས་གསུངས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་དམ་པའི་ཆོས་ཀྱི་སྲོལ་རྒྱ་ཆེར་གཏོད། ལྷ་ས་དམར་པོ་རིའི་སྟེང་དུ་མཆོད་རྟེན་དཀར་པོ་དང་། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ཐོག་མ་ཁྲ་འབྲུག་གཙུག་ལག་ཁང་མ་བཞེངས་སྔོན་དུ་ཀླུ་གདུག་པ་ཅན་སྦྲུལ་མགོ་ལྔ་དང་ལྡན་པ་ཞིག་བསྒྲལ་བའི་དོན་དུ་མཆོད་རྟེན་རྩེ་ལྔ་པ་བཞེངས། འོ་ཐང་མཚོ་ཀླུའི་ཕོ་བྲང་གི་ལྷོ་ནུབ་ཏུ་ཙནྡན་རུན་སྲང་ཡོད་པར་མཆོད་རྟེན་ཀེ་རུ་བརྩིགས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་ནང་དུ་རྒྱལ་པོ་ཉིད་ཀྱིས་ཕྱག་བཟོ་མཛད་པའི་མཆོད་རྟེན་བརྒྱད་སོགས་བོད་ཡུལ་དུ་མཆོད་རྟེན་མང་པོ་བཞེངས་། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་སློབ་དཔོན་པད་འབྱུང་བསམ་ཡས་སུ་ཐོག་མར་གདན་དྲངས་དུས་སུ་ངོ་མཚར་རྡོའི་མཆོད་རྟེན་ལྔ་དང་། དེ་ནས་བསམ་ཡས་གཙུག་ལག་ཁང་གི་ཕྱོགས་བཞིར་མཆོད་རྟེན་དམར་པོ་པད་མས་བརྒྱན་པ་སོགས་ཁ་དོག་དང་རྒྱན་མི་འདྲ་བ་བཞི་བཞེངས། ལྕགས་རིའི་སྟེང་དུ་སངས་རྒྱས་ཀྱི་རིང་བསྲེལ་རེ་བཞུགས་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། སློབ་དཔོན་ཆེན་པོའི་ཕྱག་མཁར་གྱིས་བསམ་ཡས་མཆིམས་ཕུའི་རྡོ་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་བྲིས་པ་སོགས་ལོ་རྒྱུས་རྣམས་སུ་པར་དང་བཅས་ཡོད་པ་ལྟར་རོ། །
   ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་དུས་སུ་བཙན་པོའི་ཐུགས་དམ་གྱི་རྟེན་དུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པའི་ཡང་ཕུད་ཀྱིས་ཡེར་པར་མཆོད་རྟེན་བཞེངས་པ་དང་། ལོ་ཙཱ་བ་ཀ་ཅོག་ཞང་གསུམ་མྱང་ངན་ལས་འདས་པའི་སྐུ་གདུང་མཆོད་རྟེན་ཧས་པོ་རིར་བརྩིགས་པ་དང་། མཁན་ཆེན་གྱི་སྐུ་གདུང་མཆོད་རྟེན་སོགས་བསྟན་པ་སྔ་དར་གྱི་དུས་སུ་བོད་ཡུལ་འདིར་མཆོད་རྟེན་ཤིན་ཏུ་མང་པོ་ཞིག་བཞེངས་མྱོང་བ་ཡིག་ཆ་ཚད་ལྡན་རྣམས་ན་གསལ། སྟོན་པ་མྱང་ངན་ལས་འདས་རྗེས་སུ་ཆོས་རྒྱལ་མྱང་ངན་མེད་ཀྱིས་རྒྱ་གར་ཤར་ལི་དང་ནུབ་ལི་ལས་གྲུབ་པའི་པད་སྤུངས་དང་རྣམ་རྒྱལ་མཆོད་རྟེན་ཐོག་བརྩེགས་ལས་བརྒལ་བ་དུ་མའི་གཙོས་ཆེ་ཆུང་རྣམ་པ་ཤིན་ཏུ་མང་པོ་བཞེངས་པ་བོད་ཡུལ་དུ་སྤྱན་དྲངས་པ་ལ་ཕྱིས་བཀའ་གདམས་མཆོད་རྟེན་དུ་གྲགས། ཡང་གངས་ཏི་སེ་སོགས་རི་དང་བྲག་བཅས་ཆེད་དུ་བཟོས་པ་མིན་པའི་རང་བྱུང་གི་མཆོད་རྟེན་མང་པོའང་ཡོད། གཞན་ཡང་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་སོ་སོ་དང་མདོ་རྒྱུད་བསྟན་བཅོས་བཀའ་གཏེར་གསར་རྙིང་སོགས་ཡིག་ཆ་སོ་སོའི་ལུགས་ལ་ཐུན་མོང་དང་ཐུན་མིན་གྱི་མཆོད་རྟེན་གྱི་བཤད་པ་དུ་མ་མཆིས་ཀྱང་འདིར་རྒྱས་པར་མ་སྤྲོས་སོ། །


   བསྐལ་བཟང་རྣམ་འདྲེན་རྒྱུ་སྐར་སྟོང་གི་དབུས། །ཐུགས་བསྐྱེད་ཉ་རྒྱས་ཟླ་གཞོན་ལྟར་དཀར་བའི། །སྟོན་མཆོག་ཐུབ་པའི་དབང་པོའི་བཀའ་དྲིན་གྱིས། །ཞིང་འདིར་བསྟན་པའི་ཀུ་མུད་འདབ་སྟོང་བཞད། །སྟོན་པ་མཆོག་དེ་ཞི་བར་གཤེགས་གྱུར་ཀྱང། །མ་འོངས་འགྲོ་བའི་བསོད་ནམས་དད་པའི་ཞིང་། །ཡ་མཚན་མཛད་བཟང་དྲན་རྟེན་འཁྲི་ཤིང་ཉིད། །དབྱིབས་ལེགས་བཀོད་མཛེས་མཆོད་སྡོང་འདི་རྨད་བྱུང་། །

      ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །