མཆོད་རྟེན་བཞེངས་པའི་ཕན་ཡོན།
མཆོད་རྟེན་བཞེངས་པའི་ཕན་ཡོན།
ཞར་བྱུང་སྐུ་གསུང་ཐུགས་རྟེན་དང་ཕྱོགས་བཅུའི་དགེ་འདུན་རྣམས་བཞུགས་སའི་རྟེན་གཙུག་ལག་ཁང་དང་ཀུན་དགའ་ར་བ་སོགས་བཞེངས་ན་ཕན་ཡོན་ཆེ་ཚུལ་མདོ་ཙམ་སྨྲོས་ན། མདོ་དྲན་པ་ཉེར་གཞག་ལས། རྟེན་དང་བརྟེན་པར་ལེགས་བསྐྲུན་དང་། །དགེ་འདུན་གནས་མལ་བཅའ་བ་སོགས། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་བ་བྱེ་བ་སྟོང་དུ་ཡང་། །དགེ་བ་ནམ་ཡང་ཆུད་མི་ཟ། །ཞེས་དང་། རྒྱལ་པོ་གསལ་རྒྱལ་ལ་ཚིགས་སུ་བཅད་པའི་མདོ་ལས། མི་རྣམས་གང་དག་རྒྱལ་བའི་གཙང་ཁང་བྱེད། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །ལྷ་དབང་གནས་འདྲའི་ཁང་ཁྱིམ་འོད་འབར་བ། །དུས་ཚིགས་ཀུན་ཏུ་བདེ་ལྡན་འཐོབ་པར་འགྱུར། །མཐོ་རིས་ལུས་བཟང་འབྲས་བུའི་གནས་རྣམས་སུ། །བསྐལ་བ་དགའ་བྱེད་རྟག་ཏུ་དགའ་བཞིན་དུ། །རྩེན་པར་བྱེད་ཅིང་མྱ་ངན་མེད་པ་དང་། །ཐ་མར་ཞི་བའི་གོ་འཕང་ཐོབ་པར་འགྱུར། །ཞེས་སོགས་དང་། གཙུག་ལག་ཁང་རྗོགས་པར་བཞེངས་པ་ལ་ཕན་ཡོན་ཆེ་བར་ལྟ་ཞོག་ཐ་ན་ཚོན་ཙམ་བྱུག་ནས་མཛེས་པར་བྱས་ན་ཕན་ཡོན་ཆེ་སྟེ། སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང་། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །དེ་མ་ཟད་ཚིག་གི་བསྐུལ་མ་ཙམ་བྱས་ན་ཡང་ཕན་ཡོད་ཚད་མེད་དེ། །མཁས་མཆོག་དཔའ་བོའི་གཙུག་ལག་ཁང་བཞེངས་པའི་གཏམ་ལས། ཐུབ་པ་འཕགས་པའི་དགེ་འདུན་བཅས། །གཙུག་ལག་ཁང་གི་དོན་དུ་ནི། །ཚིག་གི་རབ་ཏུ་བསྐུལ་བ་དང་། །ཚོགས་པ་ཡིས་ནི་གྲོགས་བྱེད་ཅིང་། །ངེས་པར་དུས་སུ་འགྲོ་བྱེད་པ། །གཉིད་ལོག་པའམ་ལངས་པ་ན། །བསོད་ནམས་རྒྱུན་ནི་ཚད་མེད་འཕེལ། །ཞེས་སོགས་གསུངས་པ་ལྟར་ལྷ་ཁང་བཞེངས་པ་དང་དེ་ལ་ཕྱག་མཆོད་བྱས་པ་ཕན་ཡོན་ཆེ་བས་རྒྱུན་དུ་དུས་ཚོད་སྟོང་ཟད་མི་བྱེད་པར་དམ་པའི་ཆོས་ཐོས་བསམ་སྒོམ་པ་དང་། ཕྱག་མཆོད་སྐོར་བ་སོགས་ལ་འབད་དགོས་ཏེ། རང་ཅག་སྙིགས་མའི་འགྲོ་བ་རྣམས་ཚེ་ཐུང་ནད་མང་ས་གཡོ་འབྱུང་འཁྲུགས་སོགས་རྐྱེན་ངན་བར་ཆད་ཀྱི་ཉེར་འཚེ་དུ་མའི་འོག་ན་ནམ་འཇུག་གི་སྦྲང་མ་དང་། རླུང་ནང་གི་མར་མེ་བཞིན་རང་དབང་མེད་པར་སྐད་ཅིག་ཙམ་ལ་གནས་པ་ལས་ཡུན་རིང་སྡོད་པའི་དུས་མེད་པས་བག་མེད་དང་འཁྲུགས་རྩོད་རྣམ་གཡེང་སོགས་ཀྱི་དབང་དུ་མི་གཏོང་བར་མི་ལུས་དོན་ལྡན་རེ་བྱེད་པ་གལ་ཆེའོ། །
ཡང་དག་བཤེས་གཉེན་དམ་པ་མ་བསྟེན་ཅིང་། །
ལུང་རྟོགས་དམ་པའི་ཆོས་ལ་མ་སྦྱང་པར། །
སྲེད་ལྡན་ནོར་གྱིས་གཡེང་བའི་བག་མེད་རྣམས། །
ལང་ཚོ་ཡོལ་བའི་དུས་སུ་འགྱོད་པས་གདུང་། །
བསགས་བསྲུང་སྤེལ་བའི་ནོར་རྫས་ཇི་འབྱོར་ཡང་། །
རྣམ་དཀར་བསོད་ནམས་ཞིང་དུ་མ་མཆོད་པར་། །
སེལ་སྣའི་སྦར་མོ་ཁུམ་པའི་ཕྱུག་པོ་ཚོ། །
ཤི་བའི་དུས་སུ་གཞན་གྱིས་ལོངས་སུ་སྤྱོད། །
དམ་པ་མཇལ་ཡང་ལོག་ལྟའི་སྨག་གིས་སྒྲིབ། །
ཆོས་སྒོར་ཞུགས་ཀྱང་ཆོས་མིན་སྤྱོད་པས་གཡེང་། །
དབེན་པ་བསྟེན་ཀྱང་དུག་ལྔའི་གཞན་དབང་ཤོར་། །
བདག་འདྲའི་སེམས་ཅན་ཆོས་པའི་གཟུགས་བརྙན་ཙམ། །
སྙིགས་མའི་མུན་ནག་འཐུག་པོའི་སྨག་ཁྲོད་ན། །
ཡང་དག་ལམ་བཟང་བོར་ནས་འཁྱམས་པ་དག། །
ལུང་རྟོགས་དམ་པའི་ཆོས་ཀྱི་འོད་སྣང་གིས། །
ཐར་པའི་ལམ་བཟང་རྙེད་པར་བྱིན་གྱིས་རློབས། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དང་པོ་གོང་དུ་བཤད་པ་བཞིན་མཆོག་གསུམ་དངོས་དང་དེས་རྟེན་ལ་དད་པས་བསྙེན་བཀུར་བྱས་པ་ཚྭ་རྡོག་གཅིག་ཙམ་བཞེངས་པ་དང་ཐལ་མོ་ཡ་གཅིག སྦྱར་བ་ཚུན་ཆུད་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པར་སངས་རྒྱས་ཀྱི་བཀའ་བསླུ་བ་མེད་པ་ནས་རྒྱས་པར་གསུངས་པས་གང་བཞེངས་ཀྱང་བསོད་ནམས་རྒྱ་ཆེར་འབྱུང་བ་ལ་ཐེ་ཚོམ་མི་དགོས། ཁྱད་པར་དུ་ཆོས་སྐུའམ་ཐུགས་རྟེན་དུ་བཀའ་དང་བསྟན་བཅོས་རྣམས་ལས་གསུངས་ཤིང་ད་ལྟ་ཡོངས་སུ་གྲགས་པའི་མཆོད་རྟེན་བཞེངས་པ་ནི་རྟེན་གཞན་བཞེངས་པ་ལས་ཀྱང་ཁྱད་པར་འཕགས་པའི་ཕན་ཡོན་ཡོད་དེ། རྨད་དུ་བྱུང་བའི་མདོ་ལས། འཛམྦུའི་གླིང་དཔག་ཚད་བདུན་སྟོང་ཡོད་པ་དང་། ལུས་འཕགས་གླིང་དཔག་ཚད་བརྒྱད་སྟོང་ཡོད་པ་དང་། བ་ལང་སྤྱོད་དཔག་ཚད་དགུ་སྟོང་ཡོད་པ་དང་། སྒྲ་མི་སྙན་དཔག་ཚད་སྟོང་ཕྲག་བཅུ་པ་དང་། ལྷའི་དབང་པོའི་ཁང་བཟང་རྣམ་པར་རྒྱལ་བྱེད་རྣམས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། དད་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཅུའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྗོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོའི་ཐབས་མཁས་པའི་ལེའུ་གཉིས་པ་ལས། རྒྱལ་བ་མྱ་ངན་འདས་པ་དེ་དག་གི། རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང་། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དང་། །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིའམ། །རྡོ་ཡི་སྙིང་པོ་མཆོད་རྟེན་གང་གིས་བྱས། །བེེ་ཌཱུརྱ་མཆོག་དེ་བཞིན་ཨིནྡྷ་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གི་ཨ་ཀ་རུ་དང་ཙན་དན་ནམ། །གང་གི་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པ་རྩེད་མོར་དགའ་དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། ས་ཡི་སྙིང་པོ་འཁོར་ལོ་བཅུ་པ་ལས། སྟོང་གསུམ་གང་བའི་དགྲ་བཅོམ་པ་རྣམས་ཀྱི་བཅིངས་པ་བཀྲོལ་ཏེ་བསྙེན་བཀུར་བ་བས། སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩིགས་པ་བསོད་ནམས་མང་བར་གསུངས། ལས་རྣམ་པར་འབྱེད་པའི་མདོར། རྒྱལ་པོའི་རིགས་སུ་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་གྱི་ཕན་ཡོན་བཅོ་བརྒྱད་གསུངས་པ་བཞིན། གནས་སྐབས་མཐར་ཐུགས་གཉིས་ཀའི་ཕན་ཡོན་དང་། དེ་བཞིན་དུ་དགྲ་ལས་རྒྱལ་བ། ལུས་རྒྱས་པ། ལོངས་སྤྱོད་འཕེལ་བ་སོགས་ཚེ་འདིར་མཐོང་ཆོས་ཀྱི་ཕན་ཡོན་ཡང་དུ་མ་ཡོད་དེ། གསལ་རྒྱལ་གྱིས་ཞུས་པ་ལས། ཐུབ་པའི་དབང་པོའི་མཆོད་རྟེན་བཞེངས་པ་ཡིས། །མྱ་ངན་རྣམས་བསལ་ལུས་ཀུན་རྒྱས་པ་དང་། །གཙོ་བོར་གྱུར་པ་རིན་ཆེན་མཛོད་མང་དང་། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་དང་། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོའི་བམ་པོ་བཅོ་ལྔ་པ་ལས། གང་ཞིག་ལམ་གྱི་བཞི་མདོར་ནི། །འཇིག་རྟེན་མཆོད་པའི་མཆོད་རྟེན་བྱེད། །དེ་ཡི་གྲགས་པ་འཕེལ་བར་འགྱུར། །ཕན་ཚུན་དུ་ནི་རྩོད་པ་ཡི། །ཉན་ཐོས་བྱེ་བ་རྣམས་མཐོང་ནས། །གཅིག་ལ་གཅིག་ནི་བཟོད་གསོལ་ཏེ། །དེ་དག་རྣམས་ནི་མཐུན་བྱེད་པ། །དགེ་བའི་རྩ་བ་དེ་ཡིས་སུ། །མི་འཇིགས་དཔའ་བོར་འགྱུར་བ་ཡིན། །སྲེད་མེད་བུ་ལྟར་འཁྲིགས་པ་ཡི། །ལུས་ནི་མངོན་པར་གྲུབ་པ་ཡིན། ཞེས་འཁྲུགས་རྩོད་སོགས་ཉེར་འཚེ་ཐམས་ཅད་ཞི་བར་གསུངས་པ་སོགས་གནས་སྐབས་ཀྱི་ཕན་ཡོན་དང་དེ་བཞིན་སངས་རྒྱས་ཀྱི་གོ་འཕང་སོགས་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་པ་ཐོབ་ཚུལ་ནི། གསལ་རྒྱལ་གྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམ་པ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་མྱང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །ཞེས་གསུངས་པ་བཞིན། མཆོད་རྟེན་རྗོགས་པར་བཞེངས་པ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ལྟ་ཞོག། དེའི་ནང་དུ་འཇིམ་གོང་གཅིག་ཙམ་ཞིག་འཇོག་པ་དང་སྲོག་ཤིང་ཙམ་འཛུགས་པ་ཡང་ཕན་ཡོན་ཤིན་ཏུ་ཆེ་ཚུལ། ལུང་གཞི་ལས། གང་ཞིག་རབ་དྭངས་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་ལ་ནི་འཇིམ་གོང་འཇོག་བྱེད་ན། །ཛམྦུ་ཆུ་བོའི་གསེར་གྱི་གར་བུ་ནི། །སྟོང་ཕྲག་བརྒྱས་ཀྱང་དེ་དང་མཉམ་པ་མིན། །ཞེས་དང་། རྒྱལ་པོ་གསལ་རྒྱལ་ལ་ཚིགས་སུ་བཅད་པའི་མདོ་ལས། ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ལ། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང་། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ཀྱང་ནི་ཐུབ་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་དང་རྗེས་མཐུན་ཆོས་ལ་སྒྲུབ་པ་དང་། །ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུན་གྲུབ་པར་འགྱུར། །མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ཡིས། །ལྷ་དང་མི་ཡི་ནང་ན་སྐྱེ་བ་དང་། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་དང་མྱ་ངན་བྱེད་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །གསེར་དངུལ་སྤ་བའི་གླེགས་མས་གཡོག་པ་ཡི། །ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །ཞེས་དང་། སློབ་དཔོན་དཔའ་བོས། བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བས་སྲོག་ཤིང་འཛུགས་བྱེད་ཅིང་། །གདུགས་དང་དྲིལ་བུ་རྣམས་དང་ནི། །གདུགས་ཀྱི་ཕྲེང་བ་འབུལ་བྱེད་པ། །དེ་དག་མིར་ནི་རྒྱ་ཆེ་ཞིང་། །དཔལ་ནི་ཕུན་སུམ་ཚོགས་པ་ཐོབ། །མིར་གྱུར་པ་ནི་མ་ལུས་པའི། །བདག་པོ་ཉིད་ནི་སྟོབས་དང་ལྡན། །དཔུང་རྒྱན་མུ་ཏིག་རྒྱན་ལྡན་པ། །ས་རྣམས་སྦྱིན་པར་བཏང་བ་ལས། །ཡིན་པ་རུ་ནི་མཁས་པས་འཆད། །མཆོད་རྟེན་དང་ནི་རྒྱལ་བ་ཡི། །སྐུ་མཆོག་རྣམས་ནི་བཞེངས་བྱེད་པ། །གདུགས་ལྡན་སྐུ་གདུང་འཛུག་བྱེད་པ། །མཐོ་རིགས་ཡང་དག་འདིར་ཐོབ་ནས། །མི་རྣམས་ཀྱིས་ཀྱང་བསྟོད་པར་འགྱུར། །ཞེས་དེ་ལྟར་སྔར་མེད་པའི་ས་ཕྱོགས་སུ་མཆོད་རྟེན་ཡོངས་རྗོགས་དང་། ཆ་ཤས་ལག་འབྲེལ་ཙམ་དང་དེས་གྲོགས་བྱེད་པ་ལ་ཕན་ཡོན་ཆེ་བར་མ་ཟད། སྔར་ཡོད་ཞིག་གསོ་བྱེད་པ་དང་གས་ཆགས་བསུབ་པ་ཙམ་སྐུ་དཀར་དང་ཚོན་མདངས་གསལ་བ་ཙམ་བྱས་ན་ཕན་ཡོན་ཆེ་ཚུལ། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་མཐོང་ནས་བཅོས་པའི་ཕྱིར་སྤྲོ་བར་བྱེད་ཅིང་། ཐ་ན་འཇིམ་པའི་གོང་བུ་གཅིག་ཙམ་ཡང་བརྩིགས་པར་བྱེད་པ་ཡིན། ཞེས་པ་ནས། ལྷ་ཡུལ་དུ་མངོན་པར་འཛེགས་པར་བྱེད་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་པར་བྱེད་པ་ཡིན། ཞེས་པའི་བར་གསུངས་པ་དང་། ཡང་དེ་ཉིད་ལས། སངས་རྒྱས་མཆོད་རྟེན་མཐོང་ནས་སུ། །ཞིག་པ་ཕྱིར་ནི་བཅོས་པར་བྱ། །དེ་ཕྱིར་སྟོབས་ནི་ཆེ་བ་དང་། །ལུས་ཆེ་བ་དང་མི་འཇིགས་འགྱུར། །ཞེས་དང་། དོན་རྣམ་པར་ངེས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ཆེན་པོ་ལྟ་བུར་ཀུན་ཏུ་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་དག་འཇིགས་པ་དབུགས་དབྱུང་བ་བྱས་པས་འགྲུབ་ཅེས་གསུངས་པ་དང་། བྱ་བའི་རྒྱུད་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་སྣང་བ་ལས། མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་ལྷར་ནུར་ཏེ་ཚེ་རིང་པོར་སྦྱོང་པར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བའི་སྒྲ་རྣ་ལམ་དུ་གྲག་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་སྨོས་ཏེ་གནས་མེད་དོ། །ཞེས་དང་། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་གྱི་གཟུངས་ལས། འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་བསྐལ་པ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་ས་བཅུ་རིམ་གྱིས་བགྲོད་དེ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འགྱུར་རོ། །གསེར་དང་དངུལ་དང་བེེཌཱུརྱ་ལ་སོགས་པ་ལ་མཆོད་རྟེན་བཏབ་ན། དེ་གདོན་མི་ཟ་བར་རྒྱལ་རིགས་ཤིང་སཱ་ལ་པ་ཆེན་པོ་ལྟ་བུར་སྐྱེས་ནས་རྡོ་རྗེ་འཛིན་པའི་ས་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་པ་བཞིན་བྱང་ཆུབ་ཀྱི་སེམས་དང་དད་གུས་སོགས་བྱས་ན་ལྟ་ཅི། མ་ཟད་རྩེད་མོ་བཞད་གད་བྱེད་པའི་སྒོ་ནས་འཇིམ་པ་སོགས་ལས་མཆོད་རྟེན་བྱེད་ན་དེས་ཀྱང་མཐར་ཐུག་སངས་རྒྱས་ཐོབ་པ་སོགས་ཕན་ཡོན་རྒྱ་ཆེར་གསུངས་ཏེ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པའི་མདོ་ལས། གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་བཞད་གད་དམ། ཀུ་རེའམ་བྱིས་པའི་ཀྱལ་ཀའམ། རྩེད་མོར་བྱས་པས་འཇིམ་པ་ལས་མཆོད་རྟེན་བྱེད་ན། དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་?