བདུད་འདུལ་མཐོང་བ་དོན་ལྡན་བསམ་འགྲུབ་བཀྲ་ཤིས་མཆོད་རྟེན་དགེའོ།

               ---བྱ་བྲལ་པས་སོ།

རོལ་མོ།

སིལ་སྙན་ཕུལ་བའི་ཕན་ཡོན། 


   དཀོན་མཆོག་ཏ་ལ་ལས། རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །སིལ་སྙན་ཕུལ་བས་རྣ་སྤྱོང་འོད་གྲུབ་བོ། །རྣ་རྣམས་སྤྱོང་བའི་འོད་ཟེར་རབ་གཏོང་ཞིང་། །སྔོན་ཆད་མ་ཚོར་དྲི་ཞིམ་ཚོར་བར་འགྱུར། །སྒྲ་སྙན་ཡིད་འོང་རྣམས་ཀྱིས་སངས་རྒྱས་བསྟོད། །མི་སྙན་བསླང་བར་སྨྲ་བ་རྣམས་སྤང་ཏེ། །འཇམ་པར་སྨྲ་བས་ལྕེ་སྤྱོང་འོད་ཟེར་གྲུབ། །ལུས་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དབང་པོ་ཉམས་པ་དབང་པོ་ལྡན་པར་འགྱུར། །ཞེས་དང་། ལས་རྣམས་པར་འབྱེད་པའི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་བལྟ་ན་སྡུག་པར་འགྱུར་བ་དང་། །སྐད་སྙན་པར་འགྱུར་བ་དང་། ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང་། གྲགས་པ་དང་ལྡན་པར་འགྱུར་བ་དང། གཟུང་བའི་ཚིག་ཏུ་འགྱུར་བ་དང་། རྟག་ཏུ་དགའ་བར་འགྱུར་བ་དང་། ཐམས་ཅད་དགའ་བར་འགྱུར་བ་དང་། །ཐམས་ཅད་དགའ་བའི་སྒྲ་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ། བཅུ་པོ་དེ་དག་ནི་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་ནོ། །ཞེས་དང་། དམ་ཆོས་པད་མ་དཀར་པོ་ལས། དེ་བཞིན་གཤེགས་པའི་རྣམས་ཀྱི་རིང་བསྲེལ་དང་། །འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང་། རྩིག་ངོས་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། །དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། །དེར་ནི་གང་གིས་རབ་སྙན་ཅང་ཏེའུ། །དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེད་བཅུག། །བྱང་ཆུབ་མཆོག་རབ་མཆོད་པར་བྱ་བའི་ཕྱིར། །གང་དག་རྔ་རྣམས་རབ་ཏུ་བརྡུང་བྱེད་ཅིང་། །པི་ཝཾ་དང་ནི་ཕེག་དང་འཁར་བའི་རྔ། །རྫ་རྔ་རྒྱུད་གཅིག་གླིང་བུ་ཡིད་འོང་དང་། ཨེ་ཀོ་ན་ད་རབ་ཏུ་སྙན་འབྱིན་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། །གང་དག་ལྕགས་ཀྱི་སིལ་ཁྲོལ་བརྡུང་བཅུག་དང་། །ཆུ་ལ་བརྡབས་དང་ཐལ་མོ་བརྡབས་པ་དང་། །ཡིད་དུ་འོང་ཞིང་སྙན་པའི་གླུ་བླངས་དང་། །རིང་བསྲེལ་དེ་དག་རྣམ་མང་མཆོད་བྱས་པ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །ཞེས་དང་། 
 

 

 

   སྤྱན་རས་གཟིགས་ཀྱི་མདོ་ལས། རོལ་མོའི་སྒྲ་ཡི་མི་མཆོག་མཆོད་བྱས་ན། མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོང་། །མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར། །དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོང་། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར། །རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་དགའ། །སྣ་ཡི་དབང་པོ་མཆོད་དང་ལྡན་པར་འགྱུར། །དེ་ཡི་ལྕེ་ནི་རབ་མཛེས་ལྟ་ན་སྡུག། །ཐོག་མར་རབ་མཉེན་མཛེས་ཤིང་སྒྲ་ཡིད་འོང་། །དཔེར་ན་ལྷ་ཡི་རིན་ཆེན་བྱིའུ་འདྲ། །སྒྲ་སྐད་ཡན་ལག་བྱེ་བ་དཔག་མེད་འབྱིན། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ནམས་ཡང་སྦྲུལ་དུ་མི་འགྱུར་ལྕེ་མེད་མིན། ཞར་བ་སྒུར་པོ་ཡ་ཡོ་ཅན་མི་འགྱུར། །ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ལྷ་འམ་ཀླུ་འམ་མི་འམ་ལྟོ་འཕྱེ་ཆེ། སུ་ཡང་དེ་ལ་མ་དད་སྐྱེད་མི་འགྱུར། །དབུག་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །དེ་ནི་མ་ནིང་ཟ་མར་གཞར་མི་འགྱུར། །ནམ་ཡང་མཛེ་དང་ཤ་བཀྲ་མི་འབྱུང་ཞིང་། །བསྔགས་པར་འོས་པའི་ལུས་ནི་ཐོབ་པར་འགྱུར། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ལྕེ་རིང་འགྱུར་ཞིང་ལུས་ཀྱང་ཆེ་བར་འགྱུར། གསེར་ཀྱི་གཟུགས་ལྟར་ཁ་དོག་འབར་བར་འོང་། །ཏིང་འཛིན་བརྟན་ཞིང་ཤིན་ཏུ་རྟོགས་པར་འགྱུར། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ལྷ་ནང་བདག་པོར་གྱུར་ཅིང་དབང་ཕྱུག་འགྱུར། །མི་ཡི་འཇིག་རྟེན་སྐྱེ་ན་དགའ་བར་འོང་། །བརྩོན་འགྲུས་ལྡན་ཞིང་བག་ཡོད་འབར་བར་འགྱུར། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། དེ་ལ་སུ་ཡང་ཡིད་མི་བདེ་མི་སྐྱེད། །དེ་ལ་སུ་ཡང་ཚིག་རྩུབ་སྨྲ་བ་མེད། ཕྲ་མ་ཐམས་ཅད་སྤངས་ཤིང་ཡང་དག་སྨྲ། །ཞེས་དང་། གསལ་རྒྱལ་ཚིགས་བཅད་ལས་། རྒྱལ་བའི་མཆོད་རྟེན་དག་ལ་དྲིལ་ཕུལ་བས། །ཚིག་བཙན་གྲགས་པ་ཆེན་པོ་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ཡིད་འོང་སྐྱེ་བོ་དྲན། །དེ་དག་གིས་ནི་རྒྱན་རྣམས་སྣ་ཚོགས་ཐོབ། །ཅེས་དང་། །རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་ཕུལ་བས། །ཟབ་ཅིང་རིགས་པའི་སྤོབས་པ་ཕུན་སུམ་ཚོགས། །ཡན་ལག་ལྔ་རྫོགས་ཡིད་འོང་ཚིག་དང་ལྡན། །སྒྲ་སྐད་དག་གིས་འཇིག་རྟེན་འགེངས་པར་བྱེད། །སུ་དག་རྒྱལ་བའི་གདུང་ལྡན་བསྟོད་བྱེད་པ། །དེ་དག་གླིང་བུའི་སྒྲ་དང་གླུ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བ་ཐོབ་པ་དང་། །སོ་སོ་ཡང་དག་རིག་པའང་ཐོབ་པར་འགྱུར། ཞེས་དང་། །དཔའ་བོའི་ཟ་མ་ཏོག་ལས། རྫ་རྔ་པི་ཝང་པ་ཊ་ཧས། །
བདེ་བར་གཤེགས་མཆོག་མཆོད་བྱེད་པ། །མིར་གྱུར་ནས་ནི་དབྱངས་ལྡན་ལ། །སྒྲ་ནི་ཤིན་ཏུ་སྙན་པར་འོས། །ཡིད་དུ་འོང་བའི་གཟུགས་དང་ལྡན། །ཞེས་སོ། །